R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༧༧
[A:༧༧] མཐར་སྤེལ་བས་རྗེ་བཙུན་ཁའུ་པའི་རིང་ལུགས་ཅེས་གྲགས་པའི་རྒྱུད་མང་བསྒྲེངས། དེ་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་ནང་ཐུགས་ཀྱི་སྲས་གཅིག་པུ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཆེན་བི་རཱུ་པ་དང་གངས་ཅན་གྱི་ལྗོངས་འདིར་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་སོགས་མཁས་པ་དང་གྲུབ་པའི་སྐྱེ་བའི་ཕྲེང་བ་མེ་ཏོག་མནྡཱ་རའི་ཕྲེང་བ་ལྟ་བུ་ཚར་དུ་དངར་བ་བཟུང་བའི་མཐར། མང་མཁར་མུ་གུ་ལུང་དང་ཉེ་བའི་ནོར་འཛིན་གྱི་ཐིག་ལེར་མཚན་དཔེའི་མེ་ཏོག་ཐོག་མར་འཁྲུངས་པ་ནས་མཁས་བཙུན་བཟང་པོའི་ཡོན་ཏན་ངང་གིས་སད། རྡོ་རྗེའི་ཆོས་སྲུང་རྣམས་ཀྱིས་རྣམ་འཕྲུལ་དུ་མས་ཕྲིན་ལས་བསྒྲུབས། གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་གསལ་བར་གཟིགས་པ་སོགས་དང་། ངོ་མཚར་བའི་རྣམ་ཐར་དུ་མ་དང་བཅས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པས་ལུང་རིགས་སྨྲ་བ་རྣམས་ཀྱི་ཁེངས་པའི་རུ་མཚོན་བརྟུལ། སྔོན་གྱི་སྨོན་ལམ་སད་པས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་དང་། གྲུབ་པའི་ཁྱུ་མཆོག་རྡོ་རིང་པར་འཕྲོག་ཏུ་མེད་པའི་དད་པས་རྒྱུ་བྱས། རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་ལུང་གི་སྐབས་དབྱེ་བས་རྐྱེན་སྦྱར་ཏེ་གངས་རིའི་ཁྲོད་ཀྱི་ཨོ་ཌཱི་