R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༥༢
[A:༥༢] ཅན་ཏེ། འདི་རྣམས་མི་ལས་འདས་པའི་གཟུགས་བཟུང་སྟེ་བར་སྣང་དུ་བཞུགས། དེའི་སྲས་གཡའ་༤་སྤང་སྐྱེས་ཏེ་འདི་ཡན་ལ་འོད་གསལ་༡་ལྷའི་རིགས་ཅེས་གྲགས། དེས་སྲིན་པོ་ཁྲག་མིག་མ་བསད་ཅིང་། དེའི་ཆུང་མ་གཡའ་འབྲུག་སི་ལི་མ་ཁབ་ཏུ་བཞེས་པས། ལྷ་དང་སྲིན་པོ་འཁོན་པའི་བར་དེར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ཞེས་བཏགས་ཤིང་འཁོན་གྱི་གདུང་དུ་མཚན་ཆགས། དེ་སྲས་འཁོན་དཔལ་པོ་ཆེ། དེའི་སྲས་གཅེན་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཐུགས་སྲས་མཁན་ཆེན་བོ་དྷི་སཏྭཱ་ལས་བསྙེན་པར་རྫོགས་པའི་སད་མི་མི་བདུན་གྱི་ནང་ཚན་ནཱ་གནྡྲེ་རཀྵི་ཏ་སྟེ་ཀླུ་དབང་སྲུང་བ་ཞེས་གྲགས་པ་དང་། གཅུང་རིག་སྔགས་གྲུབ་པ་རྡོ་རྗེ་རིན་ཆེན་མཆེད་གཉིས། རྡོ་རྗེ་རིན་ཆེན་གྱི་སྲས་བདུན་བྱོན་པ་ལས་གདུང་བརྒྱུད་ཀྱང་མང་དུ་འཕེལ་ཞིང་། དྲུག་པ་ཤེས་རབ་ཡོན་ཏན་གྱི་སྲས་གསུམ་གྱི་ནང་ཚན་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་བྱོན་པའི། གཙུག་ཏོར་ཤེས་རབ། དེ་ལ་སྲས་བདུན་གཅུང་དང་བཅས་པ་བྱོན་པ་ལས། ཆེ་བ་དགེ་མཐོང་གི་སྲས་བལ་པོ། དེ་སྲས་ཤཱཀྱ་བློ་གྲོས། དེ་སྲས་ཤེས་རབ་ཚུལ་ཁྲིམས་དང་། འགྲན་ཟླ་མེད་པའི་མཁས་གྲུབ་དཀོན་མཆོག་རྒྱལ་པོ་གཉིས་ལས། ཤེས་རབ་ཚུལ་ཁྲིམས་ཡན་གསང་སྔགས་རྙིང་མའི་