[A:༥༣] རིག་པ་འཛིན་པ་ཟམ་མ་ཆད་པར་བྱོན་ཞིང་། ཡི་དམ་ཡང་ཕུར་གྱི་སྒོ་ནས་དངོས་གྲུབ་གཉིས་བརྙེས། ཆོས་སྐྱོང་དཀར་བདུད་ལྕམ་དྲལ་སོགས་བྲན་དུ་ཁོལ། དཀོན་མཆོག་རྒྱལ་པོའི་སྔོན་སྨོན་དང་ཕྲིན་ལས་ཀྱི་སྒོ་ཕྱི་འགྱུར་གསར་མ་འབྱེད། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་བཏབ་པ་ནས་བཟུང་འཁོན་ས་སྐྱ་པ་ཞེས་གྲགས་ཏེ། དེ་ལྟར་ན་ལྷ་རིགས་འཁོན་གདུང་ས་སྐྱ་ཞེས་མཚན་མཆོག་གསུམ་ལྡན་གྱི་གྲགས་དཀར་འཛམ་གླིང་ཐམས་ཅད་དུ་ཁྱབ། དེ་སྲས་སྤྱན་རས་གཟིགས་དངོས་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ནི། ཆུང་དུས་ནས་དམ་པའི་རིགས་སད། དགུང་ལོ་བཅུ་གཅིག་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་གནད་ཐམས་ཅད་དུས་གཅིག་ཏུ་གཟིགས། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བི་རྭ་པ་དངོས་སུ་བྱོན་ནས་རྒྱུད་སྡེ་རྒྱ་མཚོའི་གསང་བའི་མཛོད་ཆེན་པོ་བྱིན། བྲང་ཏི་དར་མ་སྙིང་པོ་སོགས་ལས་མདོ་ཕྱོགས་དང་། རང་གི་ཡབ་དང་། བླ་མ་བ་རི་ལོ་ཙཱ་བ། མལ་ལོ་ཙཱ་བ་སོགས་ལས་གསང་སྔགས་སྤྱི་དང་། ཞང་སྟོན་ཆོས་འབར་ལས་གསུང་ངག་རིན་པོ་ཆེའི་བདུད་རྩི་གསོལ་བས་ཉམས་རྟོགས་ཀྱི་པདྨོ་གསར་དུ་བཞད་པའི་ཚུལ་བཟུང་། མྱ་ངན་ལས་འདས་པའི་ཚེ། སྐུའི་རྣམ་འཕྲུལ་བཞིར་