R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༩༠
[A:༩༠] འཕོ་སྐྱེ་བ་སོགས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པ་དང་། སྲ་མཁྲེགས་ཀྱི་བྲག་ལ་ཕུར་པ་བཏབ་པ་སོགས་གྲུབ་པའི་མཚན་མའང་སྐལ་བ་དང་ལྡན་པ་རྣམས་ཀྱི་ངོར་སྣང་། མདོར་ན་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མཐར་སོན་ཀྱང་། རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་པ་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་ཐུགས་ཕྱོགས་པས་རང་ཉིད་མཁས་པ་དང་གྲུབ་པར་ནམ་ཡང་ཞལ་གྱིས་མི་བཞེས་པས་འདི་ཁོ་ནའི་ངོ་མཚར་ཀྱང་བསམ་གྱིས་མི་ཁྱབ། རྡོ་རྗེ་འཆང་གྱི་ཁྲི་ལ་ཞབས་པད་བཀོད་དེ། ངོར་ཨེ་ཝཾ་པའི་ཕྱོགས་སུ་གཏོགས་པ་རྣམས་བལ་དམག་གི་འཇིགས་པ་ལས་བསྐྱབས་པ་སོགས་ཆོས་དང་འཇིག་རྟེན་གྱི་སྒོ་ནས་ཕན་འདོགས་མཛད། དེ་ལྟ་བུའི་སྙན་པའི་གྲགས་པས་ཐུགས་འཕྲོགས་ཏེ། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཡུམ་སྲས་ཀྱིས་སྤྱན་དྲངས་ཏེ་གུས་པས་མཆོད། དཔལ་ལྷུན་གྲུབ་སྟེང་སོགས་ཕྱོགས་དེའི་ཆོས་སྡེ་ཆེ་ཕྲ་དུ་མར་དབང་ལུང་མན་ངག་གི་འཆད་སྤེལ་དང་། ཆོ་གའི་ཕྱག་ལེན། རིམ་གཉིས་ཀྱི་རྣལ་འབྱོར་སོགས་བཤད་སྒྲུབ་ཀྱི་བསྟན་པ་འཁྲུལ་མེད་དུ་སྤེལ། སྔ་ཕྱིར་གསུང་ངག་ཚོགས་བཤད་ལན་དུ་མ་དང་། སློབ་བཤད་ལན་གཉིས་ཀྱིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གྲུབ་འབྲས་སྐུའི་དབོན་མཆེད་སོགས་བསྟན་