[A:༩༣] རྣམས་ཀྱི་ཕྲིན་ལས་སྒྲུབ། རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་བགྲང་བྱ་དགུའི་བར་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་དང་། མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་ཉིན་མོ་ལྟར་མཛད། སྐབས་དེར་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་ཏེ་ཞབས་པད་ཤིང་རྟའི་ཁ་ལོ་བོད་ཆེན་པོའི་བསོད་ནམས་ཀྱི་མགྲོན་དུ་སྔ་ཕྱིར་ལན་གཉིས་བསྒྱུར་ཏེ་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་སྐྱོང་། སྨིན་གྲོལ་ཕྱག་ལེན་གྱི་རྒྱུན་ཉམས་པ་གསོས། མེད་པ་གསར་དུ་སྤེལ། འཁྲུལ་པའི་དྲི་མ་ཐམས་ཅད་བསལ་ཏེ་ཡོངས་རྫོགས་བསྟན་འགྲོ་སྤྱི་དང་། ལྷག་པར་བརྩེ་ཆེན་སྙིང་པོའི་རིང་ལུགས་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། ཆོས་རྒྱལ་ཆེན་པོ་ཉིད་བསྙེན་པར་རྫོགས། གདན་ས་གོང་འོག་སོགས་སུ་ལམ་འབྲས་ཚོགས་བཤད་ཚར་དུ་མ། སློབ་བཤད་ཚར་གསུམ། རྡོ་རྗེ་ཕྲེང་བ་ཚར་གཉིས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་གསུང་གི་གསང་བ་འཛིན་པའི་ཐུགས་སྲས་ཀྱང་། དཔལ་ས་སྐྱ་པའི་ཁྲི་ཆེན་འཇམ་མགོན་ཀུན་དགའ་བཀྲ་ཤིས། དེ་སྲས་བཀྲ་ཤིས་རིན་ཆེན། ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། སྐུའི་དབོན་ཡོངས་རྫོགས་བསྟན་