R89: གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས། དཔལ་ས་སྐྱ་པའི་རིང་ལུགས་སྐོར།

  • Pagination (Witness A): ༩༤
[A:༩༤] པའི་ཉི་མ་ཀུན་དགའ་འཇམ་དཔལ་གྲགས་པ་དང་། མཁྱེན་རབ་ཀྱི་དབང་ཕྱུག་མཚུངས་མེད་ཞབས་དྲུང་གཅུང་རིན་པོ་ཆེ་སོགས་ཀྱིས་མཚོན། མདོར་ན་དུས་འདིར་དཔལ་ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ཀྱི་གཙུག་ན་སངས་རྒྱས་གཉིས་པ་ལྟར་འཚོ་ཞིང་གཞེས་པ་སྟེ། སླར་ཡང་ཇི་སྲིད་བསྐལ་པ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཕྲིན་ལས་མཁའ་མཐའ་བརྡལ་བར་གསོལ་བ་འདེབས་པ་ལགས་སོ། ༎རྗེ་འདི་ཉིད་ཀྱི་སྐུ་མཆེད་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ནི། རབ་བྱུང་བཅུ་གསུམ་པའི་ས་མོ་བྱའི་ལོར་དམ་པའི་རིགས་སུ་འཁྲུངས། ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན་ནས་རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱི་སྤྱན་སྔར་ཐུབ་བསྟན་རིན་པོ་ཆེའི་སྒོར་ཞུགས། རིམ་གྱིས་གཞུང་ལུགས་ཆེ་ཕྲ་ཐུགས་འཛིན་སོགས་བསླབ་སྦྱོང་ལ་བརྩོན་པའི་སྐབས་རྣམས་སུ་འོད་གསལ་གྱི་སྣང་བར། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དང་། དཔལ་ས་སྐྱ་པ་ཆེན་པོས་ཡང་ཡང་བྱིན་གྱིས་བརླབས། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་བསོད་ནམས་དཔལ་འབྱོར་ལས། དཔལ་ཨེ་ཝཾ་པའི་སྐྱེས་བུ་དམ་པ་རྣམས་རིམ་པར་བརྒྱུད་པའི་སྡོམ་རྒྱུན་རྣམ་པར་དག་པ་ལས་བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་སྟེ།