[B:73a] དཔལ་ས་ར་ཧ་པས་མཛད་པའི་དོ་ཧ་མཛོད་ཚིགས་སུ་བཅད་པ་བཞི་བཅུ་པ་རྒྱལ་པོ་དོ་ཧ་དང་། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ཚིགས་སུ་བཅད་པ་བརྒྱད་ཅུ་པ་བཙུན་མོ་དོ་ཧ་ཞེས་པ་དང་། དེ་ཁོ་ན་ཉིད་ཀྱི་མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ་རྣམས་ཀྱི་འགྲེལ་པ། སློབ་དཔོན་སྨོན་ལམ་གྲགས་པས་བསྐུལ་བའི་ངོར་རྩོམ་པ་གནང་ཞིང་། སྤྱན་ཕྱེས་པས་གསལ་བར་གྱུར་པའི་ཚེ། ལྕགས་མོ་གླང་གི་ལོ་
1481ལོ
ཟླ་བ་གསུམ་པ་ལ། བདག་ཕྱག་འབུལ་དང་འདོད་ཆོས་འཕྲོད་ཞུ་བར། ཡང་དགོན་ཕོ་བྲང་དུ་སླེབས། ཇོ་བོས་མཛད་པའི་ལམ་སྒྲོན་བདེན་གཉིས་དབུ་མའི་མན་ངག་རྣམས་ཀྱི་གཞུང་གི་ཕྱག་དཔེ་བསྣམས་ནས་བཤད་པ་རྒྱ་ཆེན་པོ་དང་། མདོ་སྡེ་རྒྱན་འགྲེལ་པ་དང་བཅས་པའི་བཤད་པ་རྒྱས་པ་སོགས་མང་དུ་གནང་། ཆོས་ཀྱི་རྗེ་ལོ་ཆེན་གྱི་ཞལ་སྔ་ནས་ཕེབས། ཟུར་དུ་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་དང་། བདེ་མཆོག་སྟོད་འགྲེལ་གྱི་བཤད་པ་གསན་པའི་ཞོར་ལ་ཁོ་བོས་ཀྱང་ལེགས་པར་ཞུས་སོ། དེའི་རྟིང་དུ། དཔོན་ས་སྤྱན་སྔ་ཚེས་གཉིས་རིན་པོ་ཆེས་གསོལ་བ་བཏབ་ནས། ས་ལུགས་ཀྱི་རྡོ་རྗེ་ཕུར་པའི་དབང་། དྲག་པོ་སྒྲོལ་དབང་དང་བཅས་པ་གནང་བའི་ཕྱགས་ཕྱིར་བདག་གིས་ཞུས་པའི་སྟ་གོན་གྱི་དགོང་མོ། བྱིན་བརླབས་ཀྱི་མཐུས་ཁོ་བོ་ཅག་ལ་རྨི་ལྟས་བཟང་པོའང་བྱུང་། སྐབས་དེར། ནང་སོ་དོན་ཡོད་རྡོ་རྗེ་རྒྱལ་པོས་མངོན་ཆུང་གིས་སྐུ་མདུན་དུ་མཇལ་ཆོས་ཀྱི་འབྲེལ་པའང་བཞེང་པ་ལྟར་སྩལ། དེ་དང་ཁང་ཉེར་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་པས་མཇལ་ཞིང་། ཆོས་ཀྱི་འབྲེལ་པ་ཞུས་ནས། སྡེ་དཔོན་དེ་དག་གུས་པ་དང་ལྡན་པར་གྱུར་ཏོ། [A:173]
༢༦ མ་འོངས་པའི་དུས་ཀྱང་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པ་རྒྱུན་མི་འཆད་པ་ཞེས་པ་ནི།
སྐུ་ཚེ་འདི་ཉིད་ཀྱིས་བསྟན་པ་ལ་ཕན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་ཡུན་རིང་དུ་མཛད་པའི་དགེ་བའི་རྩ་བ་མཐའ་དག་ཀྱང་། རྒྱ་བ་མ་ཕམ་པ་ལ་སོགས་པའི་གསུང་རབས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུལ་དུ་བྱུང་བ་འགྲུབ་པའི་ཆེད་དུ་དམིགས་པ་ཡིན་ཏེ། ཇི་སྐད་དུ། རྗེ་བཙུན་མ་ཕམ་ཉིད་ཀྱི་མཐུ། ཁོ་ནས་བདག་ནི་ལེགས་དྲངས་ཏེ། དགའ་ལྡན་གནས་སུ་ཐེག་ཆེན་གྱི།