R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 72b
[B:72b] གྲགས་སོ། ཆོས་གང་གསུང་ཡང་སྔ་གཟིགས་ཕྱི་གཟིགས་མཛད་པ་དང་། གང་ཟག་གཞན་གྱི་ཊི་ཀ་ལ་བརྟེན་ནས་གསུངས་པ་དང་། གཞན་འགོག་པ་ཁོ་ན་ལྷུར་ལེན་པ་ལ་སོགས་པ་ནི་མི་མཛད། སྐུ་ལུས་བསྲངས་ནས། ཐོག་མར་དབུ་ཞབས་ཀྱི་དོན་ཐམས་ཅད་[A:171]ཧྲིལ་ཏེ་དྲིལ་ནས་གསུང་། གཞུང་སོ་སོའི་དཀའ་གནད་ཀྱི་སྐབས་སུ། བཀའ་དང་མཁས་པ་ཚད་ལྡན་གྱི་བཞེད་པ་ཐམས་ཅད་དཔང་པོར་མཛད་ནས་ཤེས་བྱ་གཞི་ནས་བསླང་སྟེ། ཆོས་ཐམས་ཅད་ཆོས་གཅིག་གི་སྟེང་དུ་ཕབ། ཆོས་ཐམས་ཅད་ཀྱིས་ཆོས་གཅིག་འཆད་དེ། འབེན་ཕྱི་རོལ་དུ་མི་ཚོལ་བར་མདེའུ་རྩེ་ནང་བསྟན་ནས་གང་ཟག་སོ་སོའི་རྒྱུད་དང་སྦྱར་ནས། ཉན་པ་པོ་རང་གིས་ཁོང་དུ་ཆུད་མ་ཆུད་པ་ལ་འཐད་མི་འཐད་ཀྱི་བརྒལ་བརྟག་ཞུ་ཞིང་ཉན་ཆོག་པས། ཡིན་མིན་གྱི་དྲི་བ་ཞུས་པ་ལ་མི་དགྱེས་པ་མེད་བཞིན་དུ་རྨེད་པར་མཛད་པ་ལ། གདུལ་བྱའི་བློ་གྲོས་དང་བརྩོན་འགྲུས་ཀྱིས་ལྕོགས་ན་ཉིན་མཚན་སོང་བ་མ་ཚོར་བ་གསུང་། དེ་ཡང་བསྟན་བཅོས་གསུངས་པ་ལ་སྔ་བ་རྟ་ནག་ཏུ་སྤྱོད་འཇུག་གསུངས་པ། རྣམ་བཤད་བརྩམས་པ་ལ་སྔ་བ་སྒྲོན་མར་དབུ་མ་འཇུག་པའི་ཊི་ཀ་བརྩམས་པ། དབང་བསྐུར་བ་ལ་སྔ་བ་རྡོ་རྗེ་འཛིན་པ་བཀྲ་ཤིས་རྒྱ་མཚོ་བ་ལ་སྒྱུ་འཕྲུལ་ཞི་བའི་དབང་གནང་པ། རྒྱུད་གསུངས་པ་ལ་སྔ་བ་སྟོན་པ་རིན་ཆེན་དཔལ་བཟང་ལ་དཔལ་དུས་ཀྱི་འཁོར་ལོ་གསུངས་པ། ཁྲིད་བཏབ་པ་ལ་སྔ་བ་དམར་སྟོན་ཆོས་རྗེ་ལ་སྦྱོར་དྲུག་གནང་བའི་འོག་ཏུ་ནམ་རྒྱལ་ལ་ལམ་རྣམ་བཀོད་ཀྱི་ཁྲིད་བཏབ་པ་དེཡིན་ནོ། ས་མོ་ཕག་གི་ལོའི་
1479ལོ
སྟོན་རྒྱབ། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་ཕེབས་ནས། ཞག་ཉི་ཤུའི་བར་དུ་བསྙེན་བཀུར་རྒྱ་ཆེར་ཞུས་ཤིང་། རྡོ་རྗེ་སྙིང་འགྲེལ་གྱི་བཤད་པ། བི་མ་ལའི་རིག་པའི་རྩལ་དབང་བཅོ་བརྒྱད། ཨ་རོའི་སྙན་རྒྱུད་ལ་སོགས་པ་གནང་། རྡོ་རྗེ་སྙིང་འགྲེལ་ཇི་ལྟར་གསུངས་པ་ལྟར་འཕྲལ་དུ་ཟིན་བྲིས་བཏབ་པས་དགྱེས་ནས་བསྔགས་པ་མཛད། ལོ་དེའི་དགུན་ཟླ་འབྲིང་པོ་ལ། ཇོ་བོས་མཛད་པའི་བདེན་གཉིས་ཀྱི་ཊི་ཀ་དང་། ཆོ་འཕྲུལ་གྱི་ཟླ་བ་ལ་བྱང་ཆུབ་ལམ་སྒྲོན་དང་། དབུ་མའི་མན་ངག་གི་བཤད་པ་[A:172]རྣམས་བརྩམས། ལྕགས་ཕོ་བྱི་བ་ལོའི་
1480ལོ
དགུན།