R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 248
[A:248]གཟུས་རྡོ་རྗེ་རྒྱལ་མཚན་ལ། དེ་ནས་རིམ་པ་བཞིན་དུ། སྣེལ་བོ་གྲགས་པ་རྒྱལ་མཚན། རྒྱ་དབང་རྡོར། བྱ་བརྩོན་འགྲུས་འབར། རྩིས་པ་གཞོན་སེང་། སྙེར་ཆུང་བཟང་སྟོན། དེ་ལ་ཤཱཀྱའི་དགེ་སློང་ཐུབ་པ་ཤེས་རབ་བདག་གི་འདུལ་བའི་ཆོས་སྐོར་རྣམས་ཚང་མར་ཞུས་པ་ལེགས་སོ། །ཡང་གྲུམ་ཤིང་ལག་ཅན་གྱིས། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོང་བཙུན་ཤེས་རབ་སེང་གེ སུམ་པ་ཡེ་ཤེས་བློ་གྲོས། ཨ་བཙུན་ཤཱཀྱ་རྒྱལ་མཚན། འབྲེ་སྟོན་ཚུལ་ཁྲིམས་གཞོན་ནུ་རྣམས་ལ། འདུལ་བ་བཤད་ནས་དབུས་གཙང་དུ་དར་བར་མཛད་པ་རྣམས་ལའང་། སྨད་འདུལ་ཟེར་ཅིང་། བཤད་རྒྱུད་རང་རང་ན་གསལ་ལོ། །སྨད་འདུལ་བཤད་རྒྱུད་འདི་བྲིས་དགེ་བ་ཡིས། །འདུལ་ཁྲིམས་གཙང་ཞིང་འཆད་ཉན་དར་བར་ཤོག །དགེ་ལེགས་འཕེལ་བར་གྱུར་ཅིག། །།