R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 291
[A:291]མཆོག་ཏུ་མོས་པ་དང་། །རང་གཞན་དགེ་ལ་བསྐུལ་བའི་རྒྱུར་གྱུར་ཅིག །མཁས་མང་རྒྱུ་སྐར་དབུས་ན་ཉི་མ་བཞིན། །གཞན་ཕན་འོད་སྟོང་འགྱེད་པའི་ཡིག་ཚང་འདིས། །བློ་ངན་མུན་ནག་རབ་རིབ་ཕྱིར་བསལ་ནས། །བློ་གྲོས་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །བློ་གསལ་རི་དྭགས་གཙོ་བོ་གདོང་ལྔ་བཞིན། །སྨྲ་བའི་ཕྱོགས་ལ་མི་འཇིགས་ཡིག་ཚང་འདིས། །ལྟས་ངན་ཝ་སྐྱེས་ཚོགས་རྣམས་ཟིལ་མནན་ནས། །ཕས་རྒོལ་སྤོབས་པ་འཇོམས་པའི་རྒྱུར་གྱུར་ཅིག །ཟབ་ཡངས་རྒྱ་མཚོའི་སྐྱེ་བོའི་ཁྲོད་ན་དེད་དཔོན་བཞིན། །གང་ལ་ཅི་འདོད་སྟེར་བའི་ཡིག་ཚང་འདིས། །བླུན་རྨོངས་དབུལ་བའི་སྡུག་བསྔལ་ཀུན་བསལ་ནས། །འདོད་དགུའི་གཏེར་ཁ་འབྱེད་པའི་རྒྱུར་གྱུར་ཅིག །ནོར་འཚོལ་སྐྱེ་བོའི་ཁྲོད་ན་དེད་དཔོན་བཞིན། །ཐབས་མཁས་གྲུ་ཆེན་ལྡན་པའི་ཡིག་ཚང་འདིས། །འགྲོ་མང་ཕན་བདེའི་རླུང་གིས་རབ་བསྐྱོད་ནས། །ཐར་པའི་ལམ་མཆོག་སྩོལ་བའི་རྒྱུར་གྱུར་ཅིག །དགེ་བའི་བསམ་པས་ཕྱོགས་ཀུན་མཐའ་དག་ནས། །ཟབ་བསྡུས་ལེགས་པར་བསྒྲིགས་པའི་ཡིག་ཚང་འདིས། །མཁའ་ལྟར་ཁྱབ་ནས་བསྟན་པའི་བྱ་བ་ཀུན། །སྒྲུབ་པའི་དམིགས་རྐྱེན་བྱེད་པའི་རྒྱུར་གྱུར་ཅིག །ཕྱོགས་གཅིག་འདུས་ན་འདོད་དགུའི་གཏེར་མཛོད་དང་། །སོ་སོར་འཐོར་ནའང་རིན་ཆེན་རས་མ་བཞིན། །གང་ལྟར་གྱུར་ཀྱང་ཕན་བྱེད་ཡིག་ཚང་འདིས། །འགྲོ་མང་དགེ་ལ་བསྐུལ་བའི་རྒྱུར་གྱུར་ཅིག །འདོད་དགུའི་བང་མཛོད་ལེགས་བཤད་རྒྱན་གྱི་སྤྲས། །ངོ་མཚར་གཏམ་རྒྱུད་འཕྲེང་བའི་དྲྭ་ཕྱེད་འཕྱངས། །སངས་རྒྱས་བྱོན་ཚུལ་ཏོག་གི་ཉེར་མཛེས་པའི། །ཁང་བཟངས་ཀུན་འཛོམས་དེ་ཡི་ཕྱོགས་བཞི་རུ། །ད་