R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 33
[A:33]སུམ་ཅུ་བའི་སྐུ་ཚད་བཞེངས་པ་དེའི་རྒྱུ་ནི། ཆུ་བོ་གང་གཱའི་འགྲམ། སྟོན་པ་སྐུ་ཁྲུས་མཛད་པའི་རྫིང་བུ་ན། ཙན་དན་གོ་ཤིརྵའི་སྡོང་པོ། འགྱེལ་བ་བརྡར་ནས་ལྡེ་ཁུ་བྱས་པ་ལ། བི་ཤྭ་ཀརྨས་ལྷ་བཟོ་བ་བྱས་ནས་བཞེངས་པའི་མཚན་ལ། མ་ཧ་བོ་དྷི་བྱ་བ་ད་ལྟ་རྡོ་རྗེ་གདན་ན་བཞུགས་པའི་གཙོ་བོ་ཡང་འདི་ཡིན་ནོ། །དེའི་སྤྱན་འབྲས་གཉིས་ནི། ཚོང་དཔོན་གྱི་བུ་ལ་ཀླུའི་རྒྱལ་པོས་བྱིན་པའི་རིན་པོ་ཆེ་མར་གད་ཅུང་གཞོགས་ཡོད་པ། ཁྲུ་གང་ལ་དུམ་བུ་གཉིས་བྱས་ནས་ཕུལ་བ་དེ་བཅུག་ཡོད་པས་ཉིན་མཚན་མེད་པར་འོད་གསལ་ལོ། །སྐུ་དེ་བཞེངས་པ་ལ་ཟླ་བ་དྲུག་ཞག་དྲུག་དགོས་རྒྱུ་ལ་བྲམ་ཟེ་མས་ཞག་གཅིག་གི་ལྟ་བ་སྔས་པས་སྐུའི་ཞབས་གཡས་པའི་ཐེ་ཆུང་མ་ཚང་བར་བྱེད་ཅིང་། མོ་ན་རེ་སྐུ་འདི་ལ་སངས་རྒྱས་དངོས་དང་མི་འདྲ་བའི་མཚན་རྟགས་བརྒྱད་འདུག དེ་མིན་ཁྱད་མི་འདུག ཕྱིས་སྐུ་འདི་ལ་ཡོན་ཏན་བརྒྱད་འཆར་བར་འགྱུར་རོ། །ཞེས་གླེང་བར་བྱེད་དེ། ལྷ་མིའི་སྟོན་པ་ཤཱཀྱ་ཐུབ་པས། འཛམ་བུའི་གླིང་འདིར་དགུང་ལོ་བརྒྱད་ཅུའི་བར་ལ། གནས་གང་དུ་བཞུགས་དང་། མྱ་ངན་ལས་འདས་ཁར་བསྟན་པ་སུ་ལ་གཏད། བསྟན་པ་ནི་བྱེ་བྲག་བཤད་མཇོད་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །འབྲེག་གནས་ཆེན་པོ་རི་དང་ནི། །བྱིས་པ་གསོ་དང་ཀོ་ཤམ་བི། །འོད་མའི་ཚལ་དང་སྒྲ་བཅས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་དང་། །འདི་རྣམས་སུ་ནི་ཐུབ་པ་ཡིས། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་གནས་ཀྱི་ཕུག་ཏུ་གཉིས། །སྨན་གྱི་གནས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །ཉི་ཤུ་རྩ་གསུམ་གཉན་ཡོད་དུ། །དཀའ་བ་སྤྱད་པ་ལོ་དྲུག་ཏེ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །དེ་ལྟར་ཐུབ་པ་བརྒྱད་ཅུ་ལ། །ཆོས་ཀྱི་