[A:74]དཔའ་བོ་མི་ཉག་གི་རྒྱལ་རབས་བཞུགས་སོ། ། དཔའ་བོ་མི་ཉག་གི་རྒྱལ་རབ་ནི། སྔོན་དང་པོ། གྷ་ཐག་ལ་སོགས་མི་ཉག་གི་ཡུལ་ཐམས་ཅད། རྒྱའི་རྒྱལ་པོའི་འོག་ན་ཡོད་པ་ལ། བྱང་ངོས་དང་གྷའི་བར་ན་སྨོན་རི་ཞེས་པའི་རིའི་གཞི་བདག་གོའུ་ཞེས་པ་ཡོད་པ། ཉིན་གཅིག་གི་ཚེ་བྱང་ངོས་ཀྱི་མཁར་ནང་ན། བུད་མེད་གཅིག་གི་སར་རྟ་པ་དཀར་པོ་བདུན་བྱུང་པས། དང་པོ་ཉིད་དང་འགྲོགས་པ་ལས་བུ་གཅིག་སྐྱེས། དེའི་དུས་སུ་སྔོན་མེད་པའི་སྐར་མ་གཅིག་ཤར་བས། རྒྱའི་རྩིས་པ་རྣམས་ཀྱི་འཁོར་འདིའི་ནང་རྒྱལ་སྲིད་འཕྲོག་པའི་མི་གཅིག་སྐྱེས་འདུག་བྱས་པས། རྒྱལ་པོས་ད་དུང་རྩིས་གྱིས་ལ་བུ་ཚ་དེ་ཚོལ་ཟེར་བས། རྒན་མོས་བུ་ཆུང་ས་ཀྱོང་ཞིག་ཏུ་སྦས། པང་ལེབ་ཀྱི་ཁ་བཅད། དེའི་སྟེང་དུ་ཆུ་ཕོར་གང་བཞག་པས། རྩིས་པ་རྣམས་ན་རེ། མཚོ་ཆེན་པོའི་འོགཤིང་གི་ས་གཞིའི་འོག་ན་འདུག་ཟེར་ནས། འཚོལ་མ་ཐུབ་པ་དང་། མཁར་ནང་ན་ལོ་གཉིས་འགྲོ་བའི་བུ་ཚ་ཐམས་ཅད་སོད་ཅེས་ལུང་བསྒྲགས་ནས། བུ་ཚ་ཀུན་བསད་པའི་དུས་སུ། རྒན་མོས་ཀྱང་བུ་ཤི་བ་ལྟར་བྱས། སྒམ་ནང་དུ་བཅུགངུ་ཞིང་ཁྱེར་ནས་ཆུའི་དཀྱིལ་གྱི་རྩ་མཐུག་པོའི་དཀྱིལ་དུ་སྐྱུར་བཞག་པས། ཉིན་རེ་བཞིན་བྱ་རྒོད་ཞིག་འོང་ནས་བུ་ཚ་དེ་མི་འཁྱགས་པར་བྱས། རེས་རྒན་མོ་གཞན་ཞིག་ལ། བ་བཞོ་མ་ཞིག་ཡོད་པ་དེ་ཉིན་རེ་བཞིན་བུ་ཆུང་དེའི་རྩ་རུ་ཕྱིན་ནས་འོ་མ་སྟེར་བ་ལ། ཉིན་ཞིག་བ་བདག་རྒན་མོ་དེས། བའི་རྗེས་ལ་ལྟར་ཕྱིན་