R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 75
[A:75]པས། དེ་བཞིན་བྱེད་པ་མཐོང་སྟེ། བུ་ཚ་དེ་ཁྱད་པར་ཅན་ཞིག་ཡིན་པ་འདུག་བསམ་བླངས་ནས། བུ་དོད་བྱས། རུས་པ་ངོ་ནུས་ཞེས་པ། བོད་སྐད་དུ་བ་ལ་འོ་མ་ནུ་ཟེར། བྱིས་པ་དེའི་ལོ་བདུན་ལོན་ནས། ན་མཉམ་ཀྱི་བྱིས་པ་དྲུག་བཙལ་ཏེ། བྱང་ངོས་ཀྱི་ས་གངས་རིའི་གསེབ་ཏུ་བྲོས་ནས། ངོ་ལོག་བརྩམས། རི་དེ་ལ་ཤིང་འཐུ་བའི་སྐྱེས་བུ་ཐམས་ཅད་བཟུང་ནས། དམག་མི་བཅོལ། བུ་ཚ་དེས་བྱང་ངོས་ཀྱི་མཁར་ནང་དུ་ཤེས་རབ་ཆེ་བའི་མི་ལ། ངོ་ལོག་བརྩམ་ཐབས་འབྲི་རུ་ཕྱིན་པས།རྒྱའི་རྒན་མོ་གཅིག་ན་རེ། ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན། ཁྱེད་རང་དམག་ཁྱེར་ལ་ཤོག རྟ་ལྕག་དང་། རྟའི་སྦང་མང་པོ་ཆུ་ལ་སྐྱུར། དེ་ནས་རྒྱའི་རྒྱལ་ཁམས་དམ་ཁ་ཁྱེད་ལ་ཡོང་བའི་ཐབས་ངས་བྱེད་ཟེར། རྒྱའི་རྒན་མོ་དེས་ལྕགས་རིའི་སྟེང་དུ། བྲང་བརྡུང་ངུ་ཞིང་ཕྱིན་པས། རྒྱལ་པོས་ཅི་ཡིན་འདྲིར་བཏང་བས། ལྷའི་དབང་པོའི་ལུང་གིས་མི་ཉག་རྒྱལ་པོ་གཅིག་བསྐོས་ཡོད། དེ་ལ་ངོ་མ་བལྟས་ན་རྒྱའི་མིང་ཡང་མེད་པ་བྱེད་ཟེར། སང་ཉིན་དམག་བསམ་གྱིས་མི་ཁྱབ་པ་ཡོང་བར་ཡོད་ཟེར། དེ་ཅི་ཡིན་བྱས་པས། ཁྱེད་རང་རྣམས་སང་སྔ་མོར་རྨ་ཆུ་ལ་ལྟོས་དང་། རྟ་སྦང་དང་། རྟ་ལྕག་ལྷུང་བས་ཆུ་མདོག་འགྱུར་བ་ཡོད་ཟེར། སངས་ལྟ་དུས་དེ་བཞིན་དུ་བྱུང་། ད་ཅི་འཐད་དྲིས་པས། རྒན་མོ་ན་རེ། ངོ་བལྟས་ན་འཐད་ཟེར་ནས་རྒྱལ་པོ་དཔོན་གཡོག་གསུམ་གྱི། དམ་ཁ་སྐྱེལ་དུ་ཕྱིན་པས། མི་ཉག་རྒྱལ་པོ་རྟ་པ་བདུན་དང་འཕྲད། དམ་ཁ་བླངས་རྒྱལ་པོ་བསད། དེར་རྟིང་རིམ་གྱི་རྒྱལ་པོའི་བློན་པོ་དྲག་པ་རྣམས་ཀྱང་བསད། རྒྱལ་ས་བླངས་པས། རྒྱའི་ཡུལ་དུ་གྲགས་པ་ལ་རྒན་མོ་གཅིག་གི་ཁའི་ཉེས་པས། ཟུར་གསུམ་སྒོ་དྲུག་ཡོད་པའི་རྒྱལ་མཁར་ཤོར། །ཞེས་པ་བྱུང་ངོ་། །མི་ཉག་རྒྱལ་པོའི་ཐོག་མ་དེའང་། ཕའི་མིང་ནས་གྲས་