R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠བ
[A:༥༠བ] གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་མཛད། དེའི་དོན་ཉམས་སུ་ལེན་ཚུལ་ལྷན་ཅིག་སྐྱེས་པ་གསུམ་གྱི་མགོར། ཌོམྦིཧེ་རུ་ཀ་ནས། ཞེས་དང་། ཞག་གསུམ་ནས་དེ་ཉིད་ཀྱི་བར་ནས་གང་ཙམ་བསྒོམ། གཞན་ལའང་ཤེས་པར་བྱའོའི་མཐའ་ཅན་དང་། ཡང་མགོར། སྦྱོར་བའི་ཡུམ་བཞི། ཞེས་དང་། གཞན་ལུས་ཤེས་རབ་དང་ལྡན་པ་གཉིས་ཀ་འགྲེའོའི་མཐའ་ཅན་རྗེ་བཙུན་གྱིས་མཛད་པ་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། སློབ་དཔོན་ནགས་ཁྲོད་པ། གྲུབ་ཆེན་གརྦྷ་རི་པ། སིནྡ་པ། སློབ་དཔོན་དུརྒ་ཙནྡྲ། པྲཛྙ་ཨིནྡྲ་རུ་ཙི། འབྲོག་ལོ་མན་གོང་ལྟར་རོ།། །། ༈ རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་རྒྱས་པ་བོད་གཞུང་སྲས་དོན་མར་གྲགས་པའི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རབ་རྡོ་རྗེ།