[A:༥༨༥བ]མཁྱེན་པ་དཀོན་མཆོག་ལྷུན་གྲུབ་དང་། རྗེ་སངས་རྒྱས་སེང་གེ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་དཀོན་མཆོག་དཔལ་ལྡན་དང་། པཎ་ཆེན་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་བསོད་ནམས་ལྷུན་གྲུབ། དེ་ལས་ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། དེ་ལས་འཇམ་དབྱངས་ཀུན་དགའ་བཀྲ་ཤིས་ཀྱིས་གསན་པ་མན་འདྲ། གཞན་ཡང་ཡང་ན་ཞེས་བརྒྱུད་རིམ་ཅུང་ཟད་མི་འདྲ་བ་མང་དུ་ཡོད་པ་རྣམས་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱིས་གསན་ཡིག་ལས་རྟོགས་པར་བྱས་ཏེ། དེ་རྣམས་ད་ལྟའི་གསུང་ངག་གི་བརྒྱུད་པ་ལ་གཅིག་འདྲེས་སུ་ཡོད་པར་གོ་བར་བྱའོ། །
ཡང་ཉེ་བརྒྱུད་ནི། བླ་མ་ས་སྐྱ་པ་ཆེན་པོ་ལ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་དུ་མཛད། ས་སྐྱའི་སྦལ་གྲོག་ནས་མོན་གྲོག་གི་བར་སྐྱིལ་ཀྲུང་གཅིག་གིས་ཁེབས་པ་གཙོ་འཁོར་ལྔས་མངོན་སུམ་དུ་ཞལ་གཟིགས་ཏེ་ས་འདི་ང་དབང་གསུངས། དེ་ནས་དབུ་རྩེ་རྙིང་མར་ཟླ་བ་གཅིག་གི་བར་དུ་མངོན་སུམ་དུ་བྱོན་ནས་གསུང་ངག་རིན་པོ་ཆེ་དང་། ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཞི་དང་། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ལ་སོགས་