[A:༦༡༠ན]འཇམ་མགོན་ཨ་མེས་ཞབས། སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས་མན་གོང་དང་འདྲ།
གཞན་ཡང་ལུང་རྒྱུན་ཡོད་ཅིང་བརྒྱུད་པ་མ་ངེས་པ་བླ་མ་སྐུ་ཁམས་བཟང་ལ་ཞེས་པ་ལྟ་བུ་མཛད་པ་པོ་མ་རྙེད་པ་འདི་རིགས་ལ་ཚོགས་ལུང་ཞེས་གྲགས་ཤིང། བརྒྱུད་པ་མེད་ཀྱང་འདོན་སྲོལ་ནི་སྔ་མོ་རང་ནས་ཀུན་གྱི་བཞེད་སྲོལ་ཡིན་ཞེས་འཇམ་མགོན་གནས་གསར་བས་གསུངས་པར་གྲགས། དེ་ལྟར་ན་དཔལ་ས་སྐྱའི་ཆོས་སྤྱོད་རབ་གསལ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་ཤོག་གྲངས་བཅུ་ཕྲག་བཅུ་གཅིག་དང་། ཉག་མ་དགུ་ཡོད་པའི་ནང་ཡོངས་རྫོགས་ཐོབ་པའི་སྐོར་དེ་ཙམ་མོ། །
ཡང་གོང་གི་གུར་དྲག་ཕྲིན་གཞུང་དང་། དབང་ཆོག་གཉིས་ཀྱི་སྟེང་ནས་རྩ་བ་ཐུགས་གཏེར་ལྷོ་བྲག་སྲིན་མོ་སྦར་རྗེས་ཅན་གྱི་བྲག་ནས་མངའ་བདག་ཉང་རལ་ཆེན་པོ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཁ་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་དྲག་པོ་དམར་ཆེན་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས།