R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༧༠ན
[A:༧༠ན]བླ་མ་རིགས་བཞིའི་རྣལ་འབྱོར་ལས་བཞི་ལྷུན་གྲུབ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་མན་འདྲའམ་སྙམ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་བསྙེན་པ་གསུམ་གྱི་ལག་ལེན་གསུང་ངག་བེའུ་བུམ་དང་། ངག་ཆོས་ཀྱིས་མཛད་པའི་ལམ་དུས་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་དབྱེ་བདུད་རྩིའི་གཏམ་བཟང་དག་ལ་ལུང་རྒྱུན་མ་བཞུགས་པས་འཇམ་དབྱངས་བློ་གཏེར་དབང་པོས་ལུང་སྤེལ་གནང་བ་ལགས། བཟླས་དམིགས་ཞལ་ངོ་ཆིག་བརྒྱུད་དབང་རབ་པའི་གསུང་རྒྱུན་ནི་དམིགས་བསལ་མི་སྣང་ཡང་། དབང་རབ་མན་ཁྲིད་གཞུང་རྣམས་དང་འབྲེལ་ལམ་སྙམ། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ལ་ལུས་དཀྱིལ་དང་ལམ་དུས་ཀྱི་དབང་སྦྱར་བའི་ངག་འདོན་དང་། ཞར་བྱུང་ལུས་དཀྱིལ་རྐྱང་པ་ཉམས་སུ་ལེན་ཚུལ་བཅས་ཀྱི་བརྒྱུད་པ་ནི། དེ་ཉིད་ཀྱི་གསུང་གོང་རིན་འབྱུང་ལྟར་རོ། །