R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༥༩ན
[A:༢༥༩ན]དབང་ལུགས་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཡིག་སྟེང་ནས་རྗེས་གནང་ལུང་བཅས་མཁན་ཆེན་རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་ཀྱང་མཁྱེན་བརྩེ་རྡོ་རྗེ་འཆང་གིས་གསན་མོད་དེ་བརྒྱུད་པ་དེ་ཉིད་དུ་གསལ། ༈ རས་ཆུང་ལུགས་ཀྱི་གཏུམ་པོ་ལྷ་ལྔའི་དབང་རྗེ་ཡོན་ཏན་རྒྱ་མཚོའི་ཞབས་དང་། མཆོག་སྤྲུལ་ཀརྨ་ངེས་དོན་ལས་འཇམ་མགོན་མཁྱེན་བརྩེས་གསན་ཏེ་བརྒྱུད་པ་བཙལ། ༈ ཀརྨ་པ་དུས་གསུམ་མཁྱེན་པའི་བཀའ་འབུམ་ལས་ཐུགས་དམ་ལྔ་ཚན་ལྔ་སོགས་ཐོབ་པའི་བརྒྱུད་པ་གོང་མ་རྣམས་ཚོལ། དེས་ནས་རྗེ་ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ངེས་དོན་བསྟན་པ་རབ་རྒྱས། མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་དབང་པོ། དེས་བདག་ལའོ། །ཞེས་མཁྱེན་བརྩེའི་ཞབས་ཀྱིས་གསུངས་པས་ཇོ་ལུགས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་བརྒྱུད་པ་འདི་བཞིན་ལ། རྗེས་གནང་གི་རྒྱུན་རིན་འབྱུང་ལ་བསྙེག་དགོས་ཞེས་སྣང་བ་དེའི་བརྒྱུད་པ་དྲང་བར་བྱ་སྟེ། འཇམ་མགོན་ཡོན་ཏན་རྒྱ་མཚོ་ལས་མཁྱེན་བརྩེས་གསན་ཏོ། །