[A:༢༧༨བ]གང་ཐུགས་འཇ༵མ་དབྱངས༵་མཁྱེན་པའི་ས་མུ་དྲར། །
ཟབ་ཡངས་ཆོས༵་ཀྱི༵་བདུད་རྩི་ཡོངས་འཁྱིལ་བས། །
སྐལ་བཟང་བློ༵་གྲོས༵་འདབ་རྒྱ་གྲོལ་མཛད་མགོན། །
རིས༵་མེད་བསྟན༵་པ༵འི་རྒྱལ༵་མཚ༵ན་འཛིན་ལ་འདུད། །
སྐྱེ་བར་སྒོམས་པའི་ལེགས་བྱས་མི་དམན་པས། །
དམ་པའི་ཐུགས་རྗེའི་ཆོས་རྔ་བསྐུལ་བའི་འབྲས། །
བློ་གྲོས་ལེགས་བཤད་བདུད་རྩིས་ཡོལ་གོ་རུ། །
བསྐྲུན་པའི་ཆ་ཤས་འགོད་ལ་སྤྲོ་བ་བརྟས། །
ཞེས་མཆོད་བརྗོད་དང་དམ་བཅས་སྡུན་བསུས་ནས། འདིར་རིམ་པར་ཕྱེ་བ་བཞི་པ་མཁྱེན་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་མཆོག་ལས་ལེགས་པར་ནོས་པའི་སྐོར་རྣམས་འགོད་པ་ལ། ཐོག་མར་མ་རྒྱུད་འཁོར་ལོ་བདེ་མཆོག་གི་གཙོ་བོ་ལཱུ་ནག་དྲིལ་གསུམ་ལས། དང་པོ་གྲུབ་ཆེན་ལཱུ་ཧི་པས་རྩ་རྒྱུད་དང་བཤད་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལ་བརྟེན་ནས་སྦྱང་གཞི་སྒོང་སྐྱེས་སྦྱོང་བྱེད་དུ་བཀྲལ་