R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༨༢བ
[A:༢༨༢བ]གཞན་ཡང་བརྒྱུད་པ་མི་འདྲ་བ་ཅུང་ཟད་ཡོད་པ་རྒྱུད་བཏུས་བརྒྱུད་ཡིག་ལྟར་དང་། འདི་བཀའ་བབས་བདུན་ལྡན་དུ་བཞུགས་པ་ལྟར་ན། དང་པོ་འགོས་ལུགས། གཉིས་པ་མར་ལུགས་གྲུབ་ཐོབ་ལུགས། གསུམ་པ་མར་ལུགས་མཁས་པ་པཎྜི་ཏའི་ལུགས། བཞི་པ་ཇོ་ལུགས། ལྔ་པ་ཆག་ལུགས། དྲུག་པ་སློབ་དཔོན་སྒྲ་གཅན་འཛིན་བཤེས་གཉེན་གྱིས་མཛད་པའི་དབང་ཆོག་ཟུང་འཇུག་གསལ་བའི་རྗེས་སུ་འབྲང་བ་ས་ལུགས་ཀྱི་དབང་བཀའ་གསར་མའི་རྒྱུད་པ། བདུན་པ་དཔྱལ་ལུགས་ཀྱི་བརྒྱུད་པ་རྣམས་དང་།དགེ་ལྡན་ཕྱོགས་སུ་བརྒྱུད་པ་ཡང་བརྒྱུད་པ་གོང་མ་རྣམས་མི་འདྲ་ཡང་། ཕྱིས་སུ་ཆུ་བོ་གཅིག་འདྲེས་སུ་གྱུར་པ་བདེ་མཆོག་ལཱུ་ཧི་པ་བཞིན་ནོ། ། ༈ ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཐུན་མོང་མ་ཡིན་པ་ཐོབ་པའི་ཡིག་ཆ་དང་། འཇམ་དབྱངས་བློ་གཏེར་དབང་པོ་ཡན་གྱི་བརྒྱུད་པ་བཅས་གོང་སྐབས་གཉིས་པ་བཞིན་ལ། དེ་ནས་འཇམ་མགོན་ལེགས་པ་རིན་པོ་ཆེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དེས་ཁོ་བོ་ལའོ། ། ༈ །དཔལ་གཤིན་རྗེའི་གཤེད་ཀྱི་སྐོར་ལ། དམར་ནག་གཉིས་ལས།