R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༩༧ན
[A:༢༩༧ན]དབང་ཐེག་ཆེན་དཔལ་འབར་ལ་དགྱེས་བཞིན་དུ་གནང་བའོ། ། ཡང་ན། གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་ལས་ཀྱང་གསན་པས་དེའི་བརྒྱུད་པ་ལྟར་རོ། ། ༈ གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་སྐོར་ལ། རྩ་རྒྱུད་དང་། བཤད་རྒྱུད་གཉིས་ལས། དང་པོ་དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པའི་སྙིང་པོ་བརྟག་པ་གཉིས་པ་ནས་གསུངས་པའི་དགེས་མཛད་ཧེ་རུ་ཀ་ལ་ལྗོངས་འདིར་བཀའ་སྲོལ་མང་དུ་མཆིས་པ་ལས། བཀའ་ཡོད་ལ་བསླད་མེད་པ་སྙན་རྒྱུད་ཚད་མ་བཞིའི་བརྒྱུད་པ་ཟམ་མ་ཆད་པ་ནི་རྗེ་བཙུན་ས་སྐྱ་པ་ཆེན་པོ་འབའ་ཞིག་ལ་བཞུགས་པ་ཉིད་དེ། དེ་ལ་བཀའ་བབས་ཆེན་པོ་བཞི་ལས། དང་པོ་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་དངོས་སུ་གསན་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ལྷ་དགུའི་དཀྱིལ་འཁོར་ཆེན་པོར་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་ཆ་ལག་དང་། མཚམས་སྦྱོར་བཅས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་