R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢བ
[A:༢བ]རྣམ་མང་ཤེས་བྱའི་དཀྱིལ་འཁོར་མཐའ་དག་སྒྲིབ་བྲལ་ཐུགས་ཀྱི་མེ་ལོང་ངོས་སུ་རྣམ་པར་བཀྲ། ། རྣམ་ཀུན་མི་བཟད་སྒྲིབ་པས་བཅིངས་ལ་སྒྲོལ་བའི་ཐུགས་རྗེ་མཚུངས་ཟླས་དབེན་པ་རྣམ་པར་མངའ། ། རྣམ་དཀར་ཕྲིན་ལས་གདུལ་བྱའི་དཔལ་གྱུར་མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་མཛད་རྣམ་པར་འཇུག །། རྣམ་འདྲེན་རྡོ་རྗེ་འཆང་དབང་ལ་སོགས་བརྒྱུད་ལྡན་བླ་མའི་ཚོགས་རྣམས་དུས་ཀུན་རྣམ་པར་རྒྱལ། ། ཁྱད་པར་གྲུབ་བརྒྱའི་དེད་དཔོན་བིརྺའི་ཞབས། ། ཡོངས་རྫོགས་བསྟན་པའི་མངའ་བདག་གོང་མ་ལྔ། ། རྒྱལ་བས་ལུང་བསྟན་རྗེ་བཙུན་ཨེ་ཝྃ་པ། ། ཚར་ཆེན་ཆོས་རྗེ་རྣམས་ལ་གུས་ཕྱག་འཚལ། ། ཆོས་ཀུན་རྩ་བ་ཟུང་འཇུག་སེམས་ཀྱི་གཤིས། ། ཟབ་མོའི་ཐབས་ཀྱིས་ཡང་ཡང་སྦྱངས་པ་ལས། ། འབྲས་བུ་སྐུ་དང་ཡེ་ཤེས་ལྷུན་གྲུབ་པ། ། དགྱེས་མཛད་ལ་སོགས་ཡི་དམ་ལྷ་ཚོགས་མཆོད། ། ཐོག་མེད་དུས་ནས་འཁྲུལ་སྣང་བག་ཆགས་ཀྱིས། ། ཐར་མེད་སྲིད་པའི་རྒྱ་མཚོར་བྱིངས་རྣམས་ལ། ། སྟོན་པ་ལམ་གྲོགས་ཚུལ་གྱིས་