R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧ན
[A:༤༧ན]ནས་བཟུང་འབྲེལ་ཆགས་སུ་བྱུང་ཞིང་། རྗེ་བཙུན་གྲགས་པས་གསལ་བྱེད་དགའ་ཞིག་མཛད་པ་རྣམས་ཀྱི་ཁྲིད་ལུང་ལས། དང་པོ་ནི། དཔལ་ཏོག་རྩེ་པས་སམྦུ་ཊ་ལ་བརྟེན་ནས་བསམ་མི་ཁྱབ་པའི་གདམས་པ་མཛད་པའི་རྒྱ་གཞུང་པཎ་ཆེན་ག་ཡ་དྷ་ར་དང་། ལོ་ཆེན་འབྲོག་མིའི་འགྱུར། ལོ་རྒྱུས་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་བརྟེན་ནས་ཞེས་སོགས་ཡོད་པ་དང་། བསྡུས་དོན་ཨཱརྻ་དེ་ཝས་གསོལ་བ་བཏབ་ངོར་གྲགས་པས་མཛད་པ་བསམ་མི་ཁྱབ་པའི་གསལ་བྱེད། མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟ་མཆོག་ལ་སོགས་བརྒྱུད་པ་དགུ་ཡི་མཐར། །ཞེས་དང་། མཇུག་ཏུ། རྣམ་པར་མི་རྟོག་པའི་ས་དང་པའོ། །ས་མཱཔྟ། ཞེས་ཡོད་པ་དང་། བོད་གཞུང་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་དང་། ལོག་ནོན་རྣམ་པ་ལྔའི་མན་ངག་ས་མཱཔྟ་མི་ཐཱའི་མཐའ་ཅན་མཆན་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་།