R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༠བ
[A:༤༨༠བ]ལས་རྒྱལ་བ་དཔའ་བོའི་ཆོས། །ཞེས་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་ལས་རྣམ་པར་རྒྱལ་བའི་གོ་མཚོན་ཡིན་ལ། དེ་ཡང་དགོས་པའི་གཙོ་བོ། གང་འདི་ཐུབ་བསྟན་འཇིག་ལ་ཐུག་པའི་ཚེ། །རྣལ་འབྱོར་ཁས་ཞན་སྐྱབས་དང་བྲལ་གྱུར་ནས། ཁ་དྲག་དཔུང་གིས་བསྡིགས་ཤིང་གནོད་པའི་ཚེ། །མཚོན་འདི་ཕྱུངས་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། ཞེས་བསྟན་པའི་སྤྱི་དགྲ་དང་། རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་སྒོས་དགྲ་བསྒྲལ་བ་ལ་དགོངས་ནས་མཛད་པ་ཡིན་པས། དེ་ལ་མ་ཡིག་དང་བུ་ཡིག་གཉིས། དང་པོ་ནི། དཔལ་མགོན་ཞིང་སྐྱོང་ནག་པོ་ཆེན་པོ་དགྲ་བོའི་སྟོབས་འཕྲོག་གདོང་བཞི་པའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བ་སྙིང་ཐིག་ཧ་ལ་ནག་པོའི་བེའུ་བུམ་ཞེས་བྱ་བ། འདི་ཉིད་ཀྱི་ལུང་གནང་བའི་དུས་མགོན་པོའི་སྐུ་བྲིས་འབུར་བྱིན་རླབས་ཅན་གྱི་དྲུང་དུ་མཆོད་གཏོར་དང་བཅས་ཏེ། སྤྱིར་ལས་འབྲས་ལ་འཛེམ་ཞིང་བསྟན་པ་རིན་པོ་ཆེར་གཅེས་སྤྲས་དང་། ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་དྲི་མ་མེད་པ་སྤྱི་དང་། ཡང་སྒོས་གསང་ཆེན་སློབ་བཤད་པའི་རིང་ལུགས་