[A:༡༤༠]དཀར་མེའི་ཐེབས་སུ་སྦྱོར་འཇགས་མཛད། སླར་གདན་སར་ཕེབས་ཕྲལ་ས་མཆོད་དུས་ཆེན་སོགས་དང། ཆུ་གླང་ལོ་ཨ་ལུ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་དབོན་སློབ་མང་ཙམ་ལ། རབ་བྱུང་བསྙེན་རྫོགས། ཀྱཻ་རྡོར་རྒྱུ་ལམ། ཀུན་རིག་ཚེ་དཔག་མེད་ལྷ་དགུའི་དབང། གུར་དྲག་རྗེས་གནང་སོགས་འདོད་སྦྱར་ལྟར་གནང། ཕྱོགས་ནས་དོན་གཉེར་ཆོས་ཞུ་བ་གཞན་རྣམས་ལའང་ཆོས་སྦྱིན་གྱིས་ཚིམ་པར་མཛད་དོ། །
དེ་ནས་ཤིང་སྟག་ཟླ་བ་བཞི་པའི་ནང། གདུང་བརྒྱུད་སྐུ་མཆེད་དང། ཆོས་སྡེའི་གྲྭ་རིགས་རྣམས་ལ་བདེ་མཆོག་ནག་པོའི་དབང་དང། ཟླ་བ་བདུན་པའི་ཉེར་གསུམ་ལ་གདུང་བརྒྱུད་སྐུ་མཆེད། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན། སྲིད་གསུམ་གྲྭ་རིགས་རྣམས་ལ་དབྱར་ཆོས་སུ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང། ཁྲུམས་ཟླར་དེ་རྣམས་ལ་ཕུར་པ་སྟོད་ལས་དང། སྨད་ལས་གནང།
ཡང་དེ་སྐབས་སུ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་རྩེ་གདོང་དུ་སྤྱན་དྲངས་ཏེ། གཏེར་སྟོན་འཇའ་ཚོན་སྙིང་པོའི་གཏེར་ཆོས་སྐོར་ལ། དཀོན་མཆོག་སྤྱི་འདུས་ཀྱི་དབང་ཚེ་དབང་དང་བཅས་པ། ལུང་སྐོར་ལ་གཏེར་སྟོན་རྣམ་ཐར་ཉུང་ངུ་བསྡུས་པ། ཡང་ཟབ་ནོར་བུའི་ལྡེ་མིག་ཁ་བྱང་ཉི་མའི་སྙིང་པོ། པདྨའི་ཞལ་ལུང་