R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A):
[A:༢]འོད་གསལ་ལྷ་དང་འཁོན་སྟོན་ས་སྐྱ་པའི་གདུང་རབས། གཟུགས་ཁམས་ལྷ་གནས་གསུམ་པ་འོད་གསལ་ནས། སྤྱི་རིང་གཡུ་རིང་གཡུ་སེ་མཆེད་རྣམ་གསུམ། འཛམ་གླིང་མི་ཡུལ་སྤྱི་དང་གངས་ལྗོངས་པའི། བསོད་ནམས་མགྲོན་དུ་བྱོན་པའི་གཅུང་པོ་ལས། སྲས་བཞི་བྱོན་པ་ཡབ་བཅས་ལྷ་ཡུལ་གཤེགས། བར་པ་གཡུ་རིང་དམུ་བཟའ་ཡབ་ཡུམ་ལས། སྲས་མཆོག་མ་སངས་སྤུན་བདུན་གཅེན་པོ་དྲུག། ཡབ་བཅས་ལྷ་ཡུལ་གཤེགས་ཤིང་བདུན་པ་ནི། མ་སངས་སྤྱི་རྗེ་ཐོག་ལྕམ་འུར་མོའི་སྲས། དཔའ་བོ་སྟག་དང་ཀླུ་ལྕམ་དྲ་མའི་སྲས། སྟག་པོ་འོད་ཅན་འདི་རྣམས་བར་སྣང་བཞུགས། དེ་དང་མོན་བཟའ་མཚོ་མོ་རྒྱལ་གྱི་སྲས། གཡའ་སྤང་སྐྱེས་གཅིག་བྱོན་རྣམས་ལྷའི་གདུང་རབས། གང་དེས་སྲིན་པོ་སྐྱ་རེངས་ཁྲག་མེད་བསད། ཆུང་མ་གཡའ་འབྲུམ་འཕྲོགས་བཞེས་ལྷ་སྲིན་འཁོན། བར་དུ་བྱུང་བས་སྲས་ནི་འཁོན་བར་སྐྱེས། དེ་དང་བསྟན་བཟའ་ལྕམ་བུ་སྒྲོན་གྱི་སྲས། དཀོན་པ་རྗེ་གུང་སྟག་གམ་དཔལ་པོ་ཆེ།