[A:༣༣]ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་སྐུ་དྲིན་མཚུངས་མེད་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པ་དེ་ཉིད་དུ་ངོར་ཆེན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཔལ་ས་སྐྱའི་གདུང་རབས་ཚིགས་བཅད་མ་ཡ་རབས་ཁ་རྒྱན་རྩ་འགྲེལ་གྱི་ཚུལ་དུ་མཛད་པ་ལས། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་རྣམ་པར་ཐར་པ་ཡན་གྱི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་དགོངས་འགྲེལ་ཡོངས་སུ་རྫོགས་ནས། དེའི་རྗེས་སུ་ཁ་སྐོང་འདི་ལྟར་གསུངས་ཏེ། ད་ནི་དེ་ཉིད་ཀྱི་ཁ་སྐོང་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། རྩེ་གདོང་པའི་གདུང་རབས་བྱུང་ཚུལ་བསྟན་པ་དང། དཔལ་ལྡན་ས་སྐྱ་འདི་ཉིད་དུ་གདུང་རབས་རྒྱུན་མི་ཆད་པར་བྱོན་པའི་ཚུལ་བཤད་པའོ། །
རྩེ་གདོང་བླ་བྲང་གི་གདུང་རབས་བྱུང་ཚུལ་བསྟན་པ།
དང་པོ་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང། དེའི་དོན་ཅུང་ཟད་ཕྱེ་བ་གཉིས་ལས།