R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༢
[A:༥༨༢]སྲས་ཀྱི་དབུ་སྔས་མགོ་ན་པུ་ཏྲ་ལྕམ་སྲིང་ཕེབས་འདུག་ཞུས་པས། མོན་ཕྲུག་གཅིག་གིས་གང་ཡང་མ་ཟེར་ཞེས་པའི་ལག་བརྡ་བྱེད་པ་སོགས་ཆོས་སྲུང་སྤྱི་དང་ཁྱད་པར་ལས་མཁན་ཆེན་པོ་ཉིད་སྐད་ཅིག་ཀྱང་མི་འབྲལ་བའི་མཚན་མ་ཤར། དེ་ནས་འདྲི་ཀློག་སོགས་གསན་བཞེས་རན་པ་ན་བརྒྱ་དཔོན་བསོད་ནམས་བསམ་འཕེལ་གྱི་སྐུ་མཆེད་གཉིས་ཀར་ཡི་གེའི་མ་མོ་ཆོས་སྤྱོད་སོགས་རིམ་བཞིན་ཞི་དྲག་དུ་མས་ཕུལ་བས་རྒྱུན་བར་སློབ་དཔོན་ལ་འཇིགས་ཚུལ་གནང་ཡང་སྐབས་ཤིག་ཆུ་ཚན་ལ་བྱོན་དུས་ལྕམ་སྲིང་གཉིས་ནས་འབྲལ་མི་ཕོད་པའི་ཚུལ་གྱི་སྤྱན་ཆབ་ཀྱང་བསིལ་བ་བྱུང་ཞེས་གྲགས། ཡབ་རྗེ་རྡོ་རྗེ་འཆང་ལ་སྔ་ཕྱིར་གསུང་གི་བདུད་རྩི་གསོལ་བ་རྣམས་འདིར་ཕྱོགས་གཅིག་ཏུ་བཀོད་ན་ཐོགམར་གྲུབ་ཆེན་ཛེ་ཏཱ་རིའི་ལུགས་མགོན་པོ་ཚེ་དཔག་མེད་ལྷ་དགུའི་དབང་། རྗེ་བཙུན་སྒྲོ་དཀར་གྱི་རྗེས་གནང་། བླ་མ་ཞི་ཁྲོའི་ཚེ་དབང་རྣམས་དང་། ཡང་སྨིན་བྱེད་དབང་གི་སྐོར་ལ། ཀྱཻ་རྡོར་མན་ངག་ལུགས་ཡབ་བཀའ་ཡུམ་བཀའ་རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་ནས་དབང་། གསུང་ངག་རིན་པོ་ཆེ་ལས་འབྲས་བུ་དང་བཅས་པའི་ཚོགས་བཤད་སྨིན་འཁྲིད། སློབ་བཤད་ལུང་འཁྲིད་དེའི་གདམ་པ་ཡོངས་སུ་རྫོགས་པ་ལས་ཚོགས་བཤད་སྣང་གསུམ་དང་འབྲེལ་བའི་ལུང་གི་རྣམ་གྲངས་ལ། ལམ་འབྲས་ཕྱག་མཆོད། བརྒྱུད་འདེབས་གནས་