R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༨༡
[A:༥༨༡]མེ་ཏོག་གི་ཆར་འབབས་པ་སོགས་དགེ་མཚན་དུ་མས་སྣོད་བཅུད་ཐམས་ཅད་ལ་བྱིན་ཆགས་པ་ལྟར་གྱུར་ཏོ། ། དེ་སྐབས་འཁྲུངས་སྟོན་གཏང་རག་སོགས་དང་སྐུ་གནང་གཅེས་སྟབས་གསང་རྒྱ་སོགས་མཛད་ཚུལ་ལོ་རྒྱུས་འགའ་རེ་ཡོད་འགྲོ་ཡང་ཟིན་བྲིས་མ་མཐོང་ཞིང་། ཡབ་རྗེ་མཆོག་ནས་ཚེ་དབང་བྱབས་ཁྲུས་སོགས་འབུལ་བར་མཛད་ཅིང་། སྐུ་རིམ་སྤྱི་དང་ཁྱད་པར་དུས་མདོས་ཟབ་མ་གེགས་མེད་མཐར་ཕྱིིན་། དེ་ནས་རིམ་གྱིས་ཞབས་གོམ་ཕེབས་ཙམ་དུ་གྱུར་པའི་སྐབས་ཞིག་ཕོ་བྲང་གི་སྟེང་ལ་སྐུ་རྐྱང་དུ་ཕེབས་པ་ན་བྱ་རོག་གཉིས་ཀྱིས་ན་བཟའི་སྣེ་མོ་ནས་བཟུང་སྟེ་ཞབས་འབྲིང་པའི་ཚུལ་བྱེད། ཡང་སྐུ་རྐྱང་དུ་བཞུགས་སྐབས་ཤིག་འཚོ་བྱེད་བསོད་ནམས་དབང་ཕྱུག་གི་ཞབས་ཕྱིར་ཕྱིན་པས། གཟིམས་སྒོ་མནན་པ་ལྟ་བུས་མ་ཕྱེ་བར་སྒོ་འགྲམ་དུ་བསྡད་པས་གསུང་གླེང་དར་དིར་མུ་ནས་ཤོག་ཕེབས་པ་བཞིན། ཕྱིན་ཏེ་སྐུ་དྲུང་ན་སུ་ཡོད་ལགས་ཞུས་པས་རྣལ་འབྱོར་དབང་ཕྱུག་གི་བྲིས་སྐུ་དེ་ལ་སྤྱན་ཆེར་གཟིགས་པས། འཚོ་བྱེད་བསོད་དབང་གི་བསམ་པར་རྗེ་ཉིད་ལ་སྟོབས་ཀྱི་མགོན་པོ་དངོས་སུ་གྱུར་ནས་ཟབ་དགུའི་གདམས་ངག་སྩོལ་བ་ཞིག་ཡིན་ནམ་སྙམ་པ་ཤར། ཡང་ཡུམ་གྱི་ཞལ་སྟ་མ་ཞིག་གིས་མཐོང་སྣང་ལ། སྲས་ཀྱི་དབུ་སྔས་མགོར་མོན་ཕྲུག་གསུམ་གྲལ་བསྒྲིགས་པ་མཐོང་བས། ཡུམ་ལ་