[A:༧༩༥]ནས་གཏན་ནས་མ་གྱོན། གཞན་ཆོས་དང་མཐུན་པའི་སྤྱོད་པ་འདི་བྱས་ནི་མ་དྲན། འཇིག་རྟེན་ལུགས་ལ་རིག་པ་བཀྲ་བར་ཡོད་པ་ནམ་མི་ཚོས་བྱེད་ལུགས་ནི། ཁོ་འདི་བྱེད་ཁོ་འདི་བྱེད་ཞེས་ལད་མོ་བྱས་པ་རྣམས་འདྲ་མོ་ཡོད་པ་འདྲ། འདི་འདྲའི་མི་དྲན་དགུ་དྲན་མཁྱེན་པ་ཟེར་བ་མང་པོ་བྱུང་། དེ་ནས་ཤུ་ལུམ་ལ་སོང་སྐོར་ཡབ་རྗེའི་རྣམ་ཐར་དུ་བཤད་པ་ལྟར་ཡིན་ཞིང་། དེ་དུས་ཕུན་ཚོགས་གླིང་ན་མ་ལགས་བཞུགས་ཡོད་པ་ཡིན་ནམ་དེའི་གཡབ་ཏུ་བྱུག་སྨན་སྤྱི་དང་དྲེས་ཐག་མེར་སྦྱངས་ཐལ་བ་སྐུས་པ་ཚ་མོ་བྱུང་ཞིང་རྐང་ལག་ཟིང་ཟིང་སྡུད་པ་ཞིག་དྲན། དེ་ཙམ་ལ་ཡིན་ནམ་ཐར་རྩེ་རྡོ་རྗེ་འཆང་གི་རྩེ་ཆེན་ལྷ་ཁང་དུ་གསུང་བསྐང་གནང་བ་དང་། བཀའ་དབང་ཞིག་ལ་རྡོར་ལེ་མདའ་གཞུའི་འཁོར་ལོ་སྐོར་བ་བྱ་གསུང་པ་དྲན་པས་འཇིགས་བྱེད་དུག་དབང་གི་བསྐུར་ཚིག་ཞིག་ལ་རྡོ་རྗེ་མདའ་གཞུའི་ཟེར་བ་འདྲ་ནི་མེད་དམ། ཡང་ལན་ཅིག་ཚོགས་ཁང་གྲལ་གདན་མང་པོ་ཞིག་ན་ཁྲོ་འབག་ཀ་བར་སྒྲགས་པ་མཇལ་ཡང་འདི་ཡིན་ངེས་མི་འདུག ཡང་ལན་ཅིག་ནམ་ཟིར་ཡིན་བསམ་པ་ཞིག་ལ་བུ་རྫིའི་རྒྱབ་ལ་ཁུར། མ་ལགས་དང་ཨ་ལྕེ་སྤུན་བཅས་གཙུག་ལག་ཁང་སྒོ་ཤར་ལྟས་སྒོ་སྟེང་ན་སེང་གེ་དང་མདོ་ན་རྡོ་ཆལ་དབུས་ཤིང་སྡོང་ཡོད་ཅིང་འདོགས་ཁྱི་སྐད་ལྷང་ལྷང་བྱེད་པ་ཞིག་ཏུ་སླེབས་བྱུང་སྟེ་སུ་ལའང་འདི་ཡིན་ཤོད་རྒྱུ་མི་འདུག་