R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༩༡
[A:༩༡]རྩེ་གདོང་དུ་འཁོར་ཙམ་ཕེབས། མ་འགྱངས་པར་བསམ་རྩེར་ཕེབས་ཏེ་ངག་དབང་ཆོས་གྲགས་སྤྱན་དྲངས་ནས་ཚེ་དབང་བརྒྱ་རྩ་སོགས་གསན། སྤྲེ་ལོའི་དཔྱིད་ཤེས་རབ་འབྱུང་གནས་ཀྱིས་ཨེ་ཝཾ་དུ་སྤྱན་དྲངས། སེར་ཕྲེང་སོགས་ཞབས་ཏོག་རྒྱས་པར་མཛད་དེ། ཐར་རྩེ་ཀླུ་སྡིངས་གཉིས་ཀྱི་སྒེར་དུ་སྤྱན་འདྲེན་ཞབས་ཏོག་དང། རྗེ་ཉིད་ཀྱིས་མང་ཇ་བདུད་རྩི་རིལ་འགྱེད་སོགས་གནང་སྦྱིན་བཟང་ཞིང་ཤར་ཆེན་ལ་སྒྲུབ་ཐབས་བརྒྱ་རྩ་དང། ཚོགས་ཆེན་ལ་རི་ཁྲོད་མའི་རྗེས་གནང་སོགས་མཛད་དེ་ཞག་ལྔ་ཙམ་བཞུགས་ནས་ལྕགས་ནང་བརྒྱུད་དེ་བསམ་རྩེར་ཞག་ཤས་དང་རྩེ་གདོང་དུ་ཕེབས་ནས་ཀྱཻ་རྡོ་རྗེའི་ལྗགས་བསྙེན་ཁ་གསོ་ཟླ་གཅིག་མཛད་དེ་ས་གའི་ནང་རིལ་སྒྲུབ་མཛད་པར་འཕེལ་ཆེ་བ་སོགས་བྱིན་རླབས་ཀྱི་མཚན་མ་ཤར་ཞིང་སླར་བསམ་གྲུབ་རྩེར་ཕེབས། དབོན་དྲུང་ས་སྐྱར་ཕེབས་ཞོར་བསམ་རྩེར་བཀའ་ཆོས་འགའ་ཞིག་ཞུ་བར་མཛད། རྗེ་ཉིད་རྒྱལ་པོའི་ཕོ་བྲང་དུ་བཞུགས་པར་མི་དགེས་ཀྱང་ཐུགས་དབང་མ་འདུས་པར་ལོ་གསུམ་བཞུགས། ཕག་ལོ་གདུང་བརྒྱུད་སྐུ་གཞོན་ལ་གསུང་ངག་རྩེ་གདོང་དུ་གནང་བཞེད་ཡོད་ཀྱང་སྡེ་སྲིད་ཀྱི་དགོངས་པ་མ་གྲོལ་བར་བསམ་རྩེར་ཡར་ཕེབས་ཏེ་གདུང་བརྒྱུད། དབོན་དྲུང། མི་དབང་ཀརྨ་