[A:༡༦༣]པའི་དོན་ཡང་ཐུགས་ལ་འདོགས་པར་མཛད་དོ། །དེ་ནས་མགོན་ཁང་ཁག་བཞིར་ཕྲིན་འཆོལ་སོགས་སྔོན་འགྲོའི་དབྱུག་ཟླའི་ཉེར་ལྔའི་ཉིན། རྗེ་རྡོ་རྗེ་འཆང་སྐུ་མཆེད་རིན་པོ་ཆེ་ཞལ་རྣམ་པ་གཉིས་སྐུ་འཁོར་བ་རྣམས་དང་བཅས་དབུས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་པར་མཛད་པ་དེ་ནི་རྗེ་ཉིད་ཀྱི་དབུས་ཕྱོགས་སུ་ཕེབས་ཐེངས་གཉིས་པ་སྟེ། མཎྜལ་དུ་གསོལ་ཚིགས་དགོན་རྒྱས་སུ་བཞུགས་ཞག དེ་ནས་རིམ་བཞིན་ལྕང་གཤོངས་དང་རྒྱ་མདུད། སྲད་རྒོད་དང་ལྕགས་རི་སྣར་ཐང་དང་གཞིས་རྩེར་ཞག་གསུམ་སོགས་རོང་ཆེན་བརྒྱུད། རིམ་ཕེབས་ཀྱི་བར་ལམ་དགོན་ཁག་རྣམས་སུ་དབང་རྗེས་གནང་སྐྱེ་བོའི་ཚོགས་མཐའ་ཡས་པར་ཁྲོམ་དབང་སོགས་གང་ལ་གང་འདུལ་གྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་བཞིན་པར། དེའི་ཚེ་གོང་ས་རིན་པོ་ཆེ་ཅུང་ཟད་སྐུ་ལྟེམ་ཚུལ་བཞེས་སྐབས་ཡིན་གཤིས་མཇལ་ཕྱག་སོགས་ཇི་ལྟར་ཡོང་ངམ་གསུང་མུ་དང༌། རོང་སྣེར་ཕེབས་དུས་རྒྱལ་རྩེར་འབྲུམ་དོགས་སོགས་གང་ས་ཡིད་གཉིས་ཀྱི་ཁྱོགས་ལ་འཆང་བཞིན་པར་ཕེབས་ཀྱང༌། རྒྱལ་བ་ཡབ་སྲས་བཀའི་དགུང་བློན་རྣམས་སོགས་ཆེ་བཙན་ཚང་མས་གཟིགས་བསྐྱངས་ཕུན་སུམ་ཚོགས་པ་བསྟར། འདི་ཉིད་ཀྱི་ཡིག་ཚངས་བཀའ་ཁོངས་ན་བཞུགས་པའི་མ་ཁོངས་ཚང་མར་ཕྱི་ཁྲལ་སྣེ་སེལ་ཙམ་ལས་གཞན་རྩ་ཆག་གི་གཏན་ཚིགས་འབྱེད་ཁྲ་ཆེན་མོར་གྲགས་པའི་ཤེལ་བམ་སྦུག་དམ་རིན་པོ་ཆེ་དགྱེས་རྩལ་སོགས་དྲག་ཞན་མཐའ་དག་ནས་ཞབས་ཀྱི་པདྨོར་འདུད་ཅིང་ཕུ་དུད་ཆེ་བ་སོགས་ཏེ། ཇི་སྐད་དུ། དམ་པ་རྒྱང་ན་གནས་ན་ཡང༌། །འཁོར་