[A:༡༦༢]གཞི་དབྱིངས་སུ་དེངས། ལོ་དེའི་རིལ་སྒྲུབ་གང་གི་གཅུང་དམ་པ་ཉིད་ཀྱིས་ཐུགས་འགན་བཞེས་ཤིང༌། དེའི་ཚེ་རྗེ་བཙུན་གོང་མའི་བདུད་རྩི་རིལ་བུའི་རྟ་རྣམས་མང་དུ་སྤེལ་བར་མཛད། དེ་ནས་ཆུ་སྟོད་ཟླ་མཇུག་ཙམ་ནས་ཐུབ་བསྟན་མཁན་པོ་བསྟན་འཛིན་རྒྱལ་མཚན། རི་ཁུད་སྤྲུལ་སྐུ་བསོད་ནམས་དབང་ཕྱུག སྡེ་དགེ་སྨད་ཤོད་བླ་མ་ཡོན་ཏན་རྒྱ་མཚོ་སོགས་སྐལ་ལྡན་རྣམས་ལ་སླར་ཡང་ཟབ་རྒྱས་ཀྱི་བདུད་རྩི་འདི་ལྟར་གྲོལ་བར་མཛད་དོ། །སྣར་ཐང་བརྒྱ་རྩ་རྣམས་ཀྱི་རྗེས་གནང་ཡི་དམ་ཆོས་སྲུང་སོགས་ཀྱི་རྗེས་གནང་ཟུར་བཀའ་དྲུག་ཅུ་བརྒལ་ཙམ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། བདེ་མཆོག་ནག་པོ་ལུགས་སོགས་དབང་ཆེན་ཟུར་བཀའ་བཅུ་དྲུག་ཇོ་ལུགས་དང༌། ཉི་སྦས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་གྲོ་བཞིན་ཕུར་སྒྲུབ་ཐོག་ཕུར་དབང་བཅས་ཏེ་དུས་གནས་ཐམས་ཅད་དུ་ཟང་ཟིང་དང་བྲལ་ཞིང༌། བསོད་ནམས་འཕེལ་བའི་རྒྱུར་འགྱུར་བ་ཆོས་སྦྱིན་འབའ་ཞིག་གིས་དུས་འདའ་བར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནམ་ལངས་ཉི་ཤར་ལྟ་བུ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་ཐུགས་བསྐྱེད་གཞར་ཡང་མི་བསྐྱུད་པ་འདི་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཆོས་ཀྱི་སྦྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་དང༌། རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང༌། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་