R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༦༥
[A:༡༦༥]མཛད་པའི་ཚེ། གང་ཞིག་གཅུང་རིན་པོ་ཆེས་གཟིམ་ཆུང་ཁམས་གསུམ་དུ་སྨེ་བརྩེགས་ཀྱི་སྐུ་ཁྲུས་དང༌། གཞན་ཡང་ཤཱུ་ཨཾ་བན། བཀའ་མདའ་རྩིས་གསུམ་སོགས་ལ་དགེས་རྡོར་རྒྱུད་དབང་ཚར་གཉིས། མཁའ་སྤྱོད་མའི་བྱིན་རླབས་ལན་གཉིས་ཙམ་རྗེས་གནང་ཟུར་བཀའི་གྲས་བཅུ་ཕྲག་གཅིག་ཚེ་དབང་མི་འདྲ་བ་ལྔ་སོགས་སོ་སོའི་ཞུས་ངོར་འདོད་ཆོས་དེ་རྣམས་བསྩལ་ཏེ། གསང་ཕུ་དང་ཤེལ་གྲོང་དུ་ཁྲོམ་དབང་སོགས་གདུལ་བྱ་རྣམས་སྨིན་གྲོལ་གྱི་གོ་འཕང་ལ་རེག་པར་མཛད་ཅིང༌། གདན་ས་ནས་ཕེབས་གོང་དུ་འཇམ་མགོན་གཅུང་རིན་པོ་ཆེའི་གསུང་ལས། ད་ལམ་ངའམ་མཐུ་སྟོབས་གང་རུང་ཞིག་གིས་ཕུང་པོ་དབུས་སུ་བཞག་འགྲོ་གསུངས་པའང་ལྐོག་གྱུར་རྗེན་གསལ་གྱི་ལུང་བསྟན་འཁྲུལ་མེད་དུ་བྱུང་བ་དང༌། གང་ལྟར་གནས་དེའི་མཛད་སྒོ་རྣམས་གྲུབ་སྟེ་རིམ་ཕེབས་ཀྱིས། བྲག་ཡེར་པ། འབྲོམ་སྟོད་འཕན་ཡུལ་འདའ་བསྐོར་ཆིབས་བསྒྱུར་ཏེ། ན་ལེནྡྲར་བདུན་གཅིག་བཞུགས་ཏེ། དབང་རྗེས་གནང་མང་པོས་སྐལ་ལྡན་སྨིན་པར་མཛད་རྗེས། ལྕགས་རི་ཁྲ་མོ་དངསྟག་རྩེ། རྒྱ་མདའ་སྒྲུབ་རྙིང༌། རྒྱ་མ་ཁྲི་ཁང༌། དེ་ནས་ལ་མོ་དང༌། གཙང་ཐོག་དགེ་ལྡན་གནས་གཟིགས། ས་སྒང་དང༌། བདེ་ཆེན་སྤུས་མགོ་དང་སྐྱིད་གཤོངས། གཡའ་མ་ལུང་དང་བསམ་ཡས་སུ་བཞུགས་ཞག་ཉེར་གཉིས་མཛད། ཤིང་ཕག་ལོ་མཇུག་དེར་སྐུ་རྟེན་འཕྲིན་ལས་པར་ཆོས་སྐྱོང་ཞལ་མི་གཟིགས་པ་ཞིག་བྱུང་བ་ནི། འགྱངས་མིན་ནས་འཛམ་གླིང་བསྟན་འགྲོའི་མགོན་པོ་གོང་ས་རིན་པོ་ཆེ་དང་འཇམ་མགོན་མཐུ་སྟོབས་