[A:༡༦༦]དབང་ཕྱུག་གང་ཉིད་སྐུ་ཞི་བའི་དབྱིངས་སུ་ཕེབས་པའི་ལྟས་དང༌། དེའི་དུས་སུ་སྐུ་ཕེབས་ཐོག་རྗེ་རྡོ་རྗེ་འཆང་ཉིད་ལ་ཆོས་སྐྱོང་གིས་དབུ་བཙུགས་ནས་བཀའ་བསྒོ་དམ་བཞག་མཛད་དགོས་ཞུས་པ་བཞིན་གནང་བ་ནས་བཟུང༌། ཡང་ཡང་སྐུ་ཕེབས་པར་གྲགས་ལགས། གོང་གསལ་བཞུགས་གནས་རྣམས་དང་བསམ་ཡས་བཅས་པར་དབང་རྗེས་གནང་ལུང་གར་ཕེབས་སུ་སྐལ་ལྡན་རྣམས་ཀྱི་ཞུས་ངོར་བསྩལ་ཞིང༌། ཁྱད་པར་བསམ་ཡས་སུ་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་ཚར་བཞི། ཕུར་དབང་ཚར་དྲུག དྲག་པོ་སྒྲོལ་དབང༌། ཀུན་རིག་དབང་གཉིས། མཁའ་སྤྱོད་མའི་བྱིན་རླབས་གསུམ། གཞན་ཡང་ལྷ་བརྒྱད་རྗེས་གནང་ལྗགས་ལུང་འགའ་ཞིག་དང༌། འཇམ་མགོན་གཅུང་རིན་པོ་ཆེ་ནས་ཀྱང་ཀྱཻ་རྡོར་རྒྱུད་དབང་ཚར་དྲུག རྟ་མགྲིན་སྐྱེར་སྒང་རྗེས་གནང་བཅས་བསྩལ་བར་མཛད། དེ་དུས་དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་གཙུག་ལག་ཁང་རྣམས་ལ་རབ་གནས་ཆོ་གའི་སྒོ་ནས་མེ་ཏོག་འཐོར་བར་མཛད་དུས། ཐལ་རླུང་ཆེར་གཡོ་བ་སོགས་འཚུབ་ཉམས་འགའ་ཞིག་བྱུང་བས། གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོར་གང་ཅིའི་བརྟག་ཞུ་མཛད་པས། འཇམ་མགོན་གཅུང་རིན་པོ་ཆེ་ཉིད་ཁོང་གི་ཆོས་བདག་ཏུ་གཏེར་ལུང་ལས། ནུབ་ནས་ས་སྐྱའི་གདུང་རྒྱུད་བྱང་ཆུབ་སེམས། ཞེས་ལུང་ཟིན་དེ་ཡིན་ཚུལ་དང༌། སྐུ་ཚེའི་ཚད་མ་ངེས་གསུངས་པའང་མངོན་གྱུར་དུ་གོ་ཞིང༌། རྗེ་རྡོ་རྗེ་འཆང་ཉིད་ལས། སོ་བདུན་ཞེ་ལྔ་འཕྲང་ལ་ཚེ་སྒྲུབ་དང༌། །ཚེ་དཔག་མེད་སྐུ་སྟོང་རྩ་བཞེངས་ཤིང་