R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༧༦
[A:༡༧༦]གདུང་སྤེལ་གནང་དགོས་སོགས་ལུང་བསྟན་གསལ་བ་དང༌། དེ་ནས་རིང་མིན་འཇམ་མགོན་གཅུང་དམ་པའི་སྐུ་མཚམས་གྲོལ་ཀྱང་སྦྱིན་སྲེག་གནང་མ་ཐུབ་ཅིང་དེའི་ཚེས་བཅུ་དྲུག་ཉིན་གཡའ་ལུང་འཇག་གཤོངས་ཀྱི་འཁོན་སྐུ་ལ་ཉམས་གསོ་གསར་བསྐྲུན་ནང་གཟུངས་བཅས་ལེགས་པར་མཛད། དེ་དུས་ལན་ཅིག་རྗེ་རྡོ་རྗེ་འཛིན་གྱི་འོད་གསལ་དུ། སྒོ་རུམ་བསེ་མགོན་ཆེན་པོ་ཡིན་དགོངས་པའི་མགོན་པོའི་ཞལ་འབག་སྔོ་ཐལ་ཆར་ལྷགས་ཀྱིས་གདུངས་པ་འདྲ་བ་ཞིག་ལྟག་སྒོ་རྡོ་སྐས་འགོར་གཞན་ལ་འགྲོ་ཚུལ་གྱིས་བྱུང་བས་ཐུགས་ཁྲལ་འཁྲུངས་པ་ཞིག་དང༌། དེ་མཚམས་ནས་འཇམ་མགོན་གཅུང་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཏད་པའི་རྗེ་རྡོ་རྗེ་འཆང་ཉིད་ལ་འོད་གསལ་དུ་མཚན་མ་བསྟུད་མར་འཁྲུངས་ཚུལ་དང༌། ངོར་ཆེན་དཔལ་ལྡན་ཆོས་སྐྱོང་སྤྱན་དྲངས་ཏེ་ཐུགས་ཉམས་འོད་གསལ་དུ་འཁྲུངས་པའི་མཚན་མ་ངན་པ་ཞི་ཕྱིར་ཞབས་རིམ་རྒྱ་ཆེར་མཛད་ཀྱང་སྐུ་གེགས་བཟློག་མེད་ལྟ་བུས་འཇམ་མགོན་གཅུང་དམ་པ་མཐུ་སྟོབས་དབང་ཕྱུག་ཉིད་ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ། ཞིང་འདིར་མཛད་པ་རེ་ཞིག་རྫོགས་ཏེ་དགོངས་པ་ཆོས་དབྱིངས་སུ་མནལ་ཚུལ་དང༌། ཞབས་འཇུག་དགོངས་རྫོགས་རྒྱ་ཆེར་སྒྲུབ་པར་མཛད་པ་རྣམས་གདུང་རབས་རིན་པོ་ཆེའི་རྣམ་ཐར་ཞལ་སྐོང་ཆེན་མོར་རྣམ་ཐར་བཅས་པ་བཀའ་བསྩལ་བ་བཞིན་དང༌། ཁྲུམས་ཟླའི་འགོར་གདུང་ཚྭ་རྣམས་གྲུབ་པས་རྗེ་ཉིད་ལྷ་ཁང་རྩེའི་སྨོན་གནས་ཡིད་འོང་ཚལ་དུ་བཞུགས་འཇགས་ཀྱིས་ཕྱག་ནས་གྲངས་གསོག་དང་སྦྲགས། སྐུ་གཤེགས་ཀྱི་ཞལ་ཆེམས་བཞིན་