[A:༢༥༤]ཨ་ཙ་ར་གཉིས་འོང་ནས། སྦྲུལ་འཇིགས་སུ་རུང་བ་བྱ་སོགས་མིག་འཕྲུལ་འགའ་ཞིག་བསྟན་པ་ལ་མཛོད་འཛིན་ནས་རྗེ་ཉིད་ལ་དེ་བཞིན་གྱི་གནས་ཚུལ་ཕུལ་བས། དེ་ལ་སྐྱོན་མེད། སྔར་སྤྲེའུ་ཁྱེར་བ་ལ་ནི་བཟློག་པ་མཛད་ཟིན། རྒྱ་གར་བ་མིག་འཕྲུལ་སྟོན་མཁན་མང་པོ་འབྱུང་སྐད་འདུག་པས་ཅི་ཡང་མི་སྐྱོན་ཞེས་བཀའ་བསྩལ། ཕུར་སྒྲུབ་སྐབས་སྐར་མ་མཇུག་རིང་ཞིག་རྒྱལ་ཁམས་སུ་ཤར། གྲོ་བཞིན་ཚེས་བརྒྱད་ནས་བླ་ཆེན་འཕགས་པ་རིན་པོ་ཆེའི་རྣམ་ཐར་ཐང་ཀ་ངོ་མཚར་ཅན་འདི་དབུ་ཚུགས། ཁྲུམས་ཟླ་ཚེས་གཅིག་ཕུར་སྒྲུབ་སྔ་བར་གྲོལ་ཏེ། ནང་སོའི་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་གྱིས་ཀྱཻ་རྡོ་རྗེ་ལ་བརྟེན་པའི་རབ་གནས་ཉིན་གསུམ་མ་ཞིབ་རྒྱས་ཀྱི་སྦྱིན་སྲེག་སོགས་མཛད། སྦྱིན་བདག་བསྒོ་བར་སྐུ་གདུང་རིན་པོ་ཆེའི་དབུ་ཞལ་ངོ་རྣམས་དང་ཕྱག་གཉེར་བཅས་ཏེ། དེའི་ཚེ་འཇམ་མགོན་གཞོན་ནུའི་ཕྱག་ཏུ། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་ས་ལེ་སྦྲམ་གྱི་ཁམས་ལས་གྲུབ་པའི་བུམ་པ་ཆ། ཕུད་དམ་ཕུད་ཕོར། འདྲེན་ཆས་ཆ་ཚང་གསུམ་སོགས་གསེར་སྤྱད་མང་དུ་མཆིས་པའི་ནང་ནས་གསེར་གྱི་ཕུད་ཕོར་གཡུ་ཁྲའི་རྟགས་བརྒྱད་ཅན་ཕྱེ་མར་གྱིས་ཕྱུར་བ་དང༌། རྗེ་བཙུན་དྲུང་རྣམས་ཀྱིས་སྣ་བདུན་སྣ་ལྔ་རྫས་བརྒྱད་སོགས་ཀྱི་ཙཀླི། ཡུམ་མཆོག་ནས་གསེར་དམ་ཞོས་གང་བ། ཕྱག་གཉེར་སོགས་ཚང་མས་ཞི་དྲག་གི་མཆོད་པ་བག་དྲོ་བ་བསྣམས་ནས་རིམ་བཞིན་ཕུལ་ཏེ། སྦྱིན་བདག་བསྒོ་བ། བགེགས་སྤྲོད་རྫས་བརྒྱད་མེ་ལོང་དུར་བིལ་དུང་སོགས་ཀྱི་སྣོད་པང་ཚང་མ་རྗེ་ཉིད་ཀྱི་ཐུགས་རྗེ་ལས་