R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༨
[A:༣༥༨]ཀླུ་བཅས་རྒྱལ་ཁམས་ལོ་རིམ་ལ་ཆད་དུ་དགོངས་ཏེ་རྟག་པར་གནང་། སྣྲོན་ཟླའི་ལྷ་མོ་མཆོད་ཀྱང་རྔོ་ཆུའི་སྟེང་དུ་ཇི་བཞིན་གནང་རྒྱུའི་ཐོ་རེངས་སྐུ་ཁམས་ཤིན་ཏུ་ཉོག་པ་དེའི་ཚེ་དཔལ་ལྡན་ལྷ་མོ་ཉིད་ཀྱི་ཞལ་དངོས་སུ་བསྟན་ནས་ལུང་བསྟན་མང་དུ་བསྩལ་མཐར། གཟིམ་ལུགས་དེ་ལྟར་མ་མཛད་པར་ཀྲོང་གིས་དབུ་སྔས་ལ་སྐུ་རྒྱབ་གཏད་དེ་གཟིམ་ན་མགུལ་གློ་ཆུང་བ་ཡང་ཡོང་། ཞེས་ཀྱང་གསུངས་པ་དང་། དེ་ནས་ཉིན་གཅིག་ས་སྐྱར་བཞུགས་ཚེའང་བཞི་ཐོག་སེར་ཁང་སྟེང་དུ་ལོ་རིམ་ཆེད་དུ་དགོངས་པའི་ལྷ་བསངས་སེངྒེ་སྒྲ། ཆབ་ཀླུ་སོགས་ཐམས་ཅད་ཀྱང་འཕགས་ཆེན་བྱང་ཆུབ་སེམས་དཔའ་བདག་བས་གཞན་གཅེས་ཀྱི་རྣམ་ཐར་ལྷུར་བཞེས་ཁོ་ནས་དུས་འདའ་བར་མཛད་པ་ནི་དེང་སང་ཀུན་གྱི་ཐུགས་གསལ་ལྟར་དང་། དེའི་སང་ནས་མང་ཁར་སྨན་ཆབ་ལ་ཕེབས་ལམ་སྒྲོལ་མ་ལྷ་ཁང་ལ་གནས་གཟིགས་དང་གཡས་བསྐོར་གྱིས་ཞལ་མཇལ་ཕྱག་དབང་སོགས་བཀག་མེད་ཕེབས་བྱམས་ཐོག་ནས་སྩོལ་བཞིན་པར་ཤེལ་ཕྲེལ་ལ་བརྒྱུད་རྒན་མོ་ཁ་དྲོན་ཞེས་པར་བཞུགས། ཉིན་དེ་ནི། ས་སྐྱའི་ཐད་ནས་ལྷོ་ནུབ་ཕྱོགས་སུ་འཇའ་དཀར་པོ་ཤིང་སྡོང་ཆེན་པོ་ལ་འདབ་མ་རྒྱས་པ་ལྟ་བུ་ཞིག་དང། མེ་ཏོག་གི་ཆར་ཉིལ་བ་སོགས་ཀུན་གྱི་མིག་གི་བདུད་རྩིར་བྱུང་བ་དང། གཞན་ཡང་ལྷ་ཁ་མ་སོགས་ཀྱིས་དཔའ་བོ་མཁའ་འགྲོས་གདན་འདྲེན་མཛད་ཀྱིན་འདུག་ཟེར་བ་སོགས་བྱུང་ཞིང། དེའི་སང་ཐུབ་བསྟན་དགེ་འཕེལ་དར་གླིང་སོགས་ནས་སེར་ཕྲེང་གིས་མདུན་བསུས་ཏེ། དགེ་འཕེལ་དུ་གསོལ་ཚའི་ཐོག་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཤིང། རིམ་གྱིས་ཆབ་བདུགས་སྐབས་ཀྱང་སྐུ་ཁམས་ཐོག་མར་རེས་འཇོག་དང། དེ་ནས་ཇེ་ཞན་བཅས་གནས་དེར་ཡང་གདུལ་བྱ་སྤྱི་བྱེ་བྲག་གི་སྐལ་བ་དང་འཚམ་པའི་མཛད་པ་ནི་སུས་ཀྱང་བཟློག་མེད་དུ་བཀའ་དྲིན་བསྐྱངས་ཤིང། ལྷག་པར་ཡུལ་ཕྱོགས་དེས་མཚོན་རྒྱལ་ཁམས་བདེ་སྐྱིད་ལ་ཕན་པའི་ལྷ་བསངས། སེངྒེ་སྒྲ། ཆབ་ཀླུ་སོགས་ཉིན་རེ་བཞིན་རྟག་པར་མཛད་པས་ལོ་ལེགས་པ་དང་། ཕྱི་ལོ་ཆུ་བཟང་བ་སོགས་རྒྱལ་བའི་མཛད་པ་ཉི་ཤར་སྤར་མོས་མི་ཁེབས་པའི་དཔེ་བཞིན་ཀུན་གྱིས་གླེང་བ་འདི་བཞིན་དང་། སེངྒེེ་སྒྲ་སོགས་