R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༧
[A:༤༡༧]བྱིན་རླབས། ནུབ་པ་རིག་འཛིན་གྲགས་དང་། ཀུན་མཁྱེན་གྱི་ཡིག་ཆའི་སྟེང་ནས་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། རྗེ་རང་གི་ཡིག་ཆའི་སྟེང་ནས་རྟེན་འབྲེལ་སྙིང་པོའི་སྲུང་བའི་བྱིན་རླབས། མཁྱེན་བརྩེའི་ཡིག་ཆའི་སྟེང་ནས་དབང་བཞིའི་བརྡ་ཚིག་བརྒྱུད་དུ་བསྩལ་བའི་བྱིན་རླབས་གདམས་ངག་རྣམས་རྫོགས་པའི་ཚེ། མཁྱེན་བརྩེའི་ཡིག་སྟེང་ནས་སྒྲུབ་པ་ལུང་སྦྱིན་གྱི་བྱིན་རླབས་དང་། གསང་བ་བཅུའི་རྒྱས་འདེབས་པ། མཐར་བསྟན་པ་གཏད་པའི་ཚུལ་དུ་ཀུན་མཁྱེན་གྱི་ཡིག་ཆའི་སྟེང་ནས་ག་ཡ་དྷ་རའི་ལུགས་ཀྱི་མགོན་རྐྱང་རྗེས་གནང་རྣམས་ལེགས་པར་གསན་ནོ། །དེ་རྣམས་ཀྱི་རྒྱབ་རྟེན་དུ་ལུང་དང་བསྟན་བཅོས་ཚད་མར་བྱ་བའི་ཕྱིར་གོང་ཚོགས་བཤད་ཀྱི་སྐབས་སུ་བཤད་པའི་ལམ་འབྲས་པོད་དམར་སེར་རྣམས་ཀྱི་ལུང་དང་། གཞན་ཡང་སྔ་ཕྱིར་གསན་པའི་ལུང་གི་སྐོར་ལ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་མངོན་རྟོགས་ཡན་ལག་བཞི་པོ། དབང་གི་ཆུ་བོ་ཆེན་མོ། ཞི་བའི་སྦྱིན་སྲེག རབ་གནས་བཟང་པོ་དྲུག་པ་རྣམས་དང་། རྗེ་བཙུན་གྱིས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། ཚོགས་འཁོར་འབྲིང་པོ། ལས་བཞིའི་སྦྱིན་སྲེག དུས་མཐའ་མའི་ཆོ་ག རབ་གནས་དོན་གསལ། ཧེ་རུ་ཀའི་ཆས་དྲུག བརྒྱུད་པའི་བཀྲ་ཤིས་མཚུངས་མེད་བླ་མ་རྣམས་དང་། ས་པཎ་གྱིས་མཛད་པའི་ཚོགས་འཁོར་རྩོད་སྤོང་། འཕགས་པས་མཛད་པའི་ཚོགས་འཁོར་བདུད་རྩིའི་བུམ་པ། བླ་མ་དམ་པས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ།