R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༦
[A:༤༡༦]ཐོག་མར་བུམ་དབང་དང་འབྲེལ་བ་ཕྱི་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་དང་བཅས་པ། བདག་ཆེན་གྱི་ཡིག་ཆའི་སྟེང་ནས་ལམ་དུས་ཀྱི་དབང་བསྐུར་བ་ཡིག་བརྒྱའི་བཟླས་ལུང་དང་བཅས་པ། དེ་རྗེས་ནང་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་དང་འབྲེལ་བ་སོགས་བུམ་དབང་གི་ལམ་ཡོངས་སུ་རྫོགས་པ། དེ་དག་གི་སྒྲོ་འདོགས་གཅོད་པའི་སྐབས་སུ་ཕྱི་ནང་གི་བསྐྱེད་རིམ། དབང་། རབ་གནས། སྦྱིན་སྲེག་སོགས་ལམ་ཡོངས་སུ་རྫོགས་པ་ཆ་ལག་དང་བཅས་པའི་གསུང་བཤད་དཔྱིས་ཕྱིན་པ། གཏུམ་མོའི་བདེ་དྲོད་བསྐྱེད་པའི་སླད་དུ་ངག་ཆོས་པའི་ཡིག་ཆའི་སྟེང་ནས་བདག་མེད་ལྷ་མོ་བཅོ་ལྔའི་བྱིན་རླབས། དེ་རྗེས་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་དང་རྗེས་སུ་འབྲེལ་བའི་ལམ་ལ་སོགས་པ་མདོར་ན་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་ཟླ་བ་དྲུག་གི་བར་དུ་གསན་ཅིང་དེ་དག་གི་བར་སྐབས་རྣམས་སུ། འཇམ་དབྱངས་མཁྱེན་བརྩེའི་ཡིག་ཆའི་སྟེང་ནས་ཚར་གསུམ་ཁུག་པའི་བྱིན་རླབས། ངག་ཆོས་ཀྱི་ཡིག་སྟེང་ནས་ལམ་ཟབ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བྱིན་རླབས་དམིགས་ཁྲིད་དང་འབྲེལ་བ། མཁྱེན་བརྩེའི་ཡིག་ཆའི་སྟེང་ནས་བླ་མ་རིན་འབྱུང་གི་བྱིན་རླབས། ངོར་ཆེན་རྡོ་རྗེ་འཆང་དང་ངག་ཆོས་པའི་ཡིག་སྟེང་ནས་བིར་སྲུང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་བྱིན་རླབས་རྣམས་ལུང་དང་བཅས་པ། ཞར་བྱུང་བིར་སྲུང་གསར་མའི་དམིགས་ཁྲིད་དང་བཅས་པ། མཁྱེན་བརྩེའི་ཡིག་སྟེང་ནས་བརྡ་དོན་གསལ་བའི་བྱིན་རླབས། ངག་ཆོས་ཀྱི་ཡིག་སྟེང་ནས་ལམ་སྦས་བཤད་ཀྱི་