R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༠
[A:༦༥༠]ནས་གདན་སར་ཕེབས་ནས་ལྕགས་གླང་ཟླ་བ་དྲུག་པའི་ནང་ཞིང་བརྗེས། དགོངས་རྫོགས་སོགས་ཕུན་ཕོ་ནས་འགྲུབ་ངོས། ནང་རྟེན་ཕུན་བདེ་སློབ་དཔོན་གྱི་བྱང་ངོས་ན་བཞུགས་པའི་རྒྱལ་བ་ཚེ་མཐའ་ཡས་པའི་སྣང་བརྙན་འདིའོ། །སྐུ་མཆེད་རྗེ་བཙུན་མ་བགྲེས་པ་བཀྲས་བརྩེགས་སུ་བཞུགས་པ་ཚེ་སྦྱིན་དངོས་གྲུབ་དབང་མོ་ཕུན་བདེར་བཞུགས་པ་ཆུང་བ། ཀུན་དགའ་བསྟན་པའི་ཉི་མ། རྗེས་བཞུགས་འཆི་མེད། ཞལ་ལྷར་བཞུགས་པ་འཇམ་དབྱངས། ཁྲོ་ཁང་དུ་བཞུགས་པ་སྐལ་བཟང་ཆོས་སྒྲོན། མཁས་གྲུབ་དབང་མོ་དེ་ཉིད་བཅས་པ། རིན་ཕོ་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང༌། རྗེ་བཙུན་རྟ་དབང་ལ་ཕུད་པས། དུས་སྔ་ཕྱིར་བྱོན་པའི་རྗེ་བཙུན་འདི་རྣམས་ཀྱང་གསུང་ངག་ལམ་འབྲས་ཀྱིས་མཚོན་དབང་རྗེས་གནང་མང་ཙམ་གསན་བཞེས་དང༌། ཀྱཻ་རྡོར་གཞི་བསྙེན་ཕུར་བསྙེན་བཅས་ཕལ་ཆེ་བར་མཛད་སྲོལ་ལྟར་དང༌། བདག་ཁྲི་འཇམ་དབང་སྐུ་མཆེད་ཀྱི་གཟུང་མ་ཐོན་སྲས་བདག་ཡུམ་དབང་སྡུད་སྒྲོལ་མ་ལས། ད་ལྟའི་གདུང་སྲས་ངག་དབང་མཐུ་སྟོབས་དབང་ཕྱུག་དང༌། ཐུབ་བསྟན་མཁས་གྲུབ་རྒྱ་མཚོ་སྐུ་མཆེད། ངག་དབང་མཐུ་སྟོབས་དབང་ཕྱུག་གི་གཟུང་མ་ཤངས་མུ་ཞང་བྱ་རིག་པའི་ལྕམ་མོ་ལས། ད་ལྟའི་གདུང་སྲས་ཟུང་རྗེ་བཙུན་མཆེད་བཅས། ད་ལྟ་འཚོ་ཞིང་གཞེས་པ་འདི་རྣམས་བྱོན་པའོ། འདིར་སྨྲས་པ། །ཕུན་ཚོགས་སུམ་རྩེན་ས་ལ་འཕོས་འདྲ་བའི། །ཕུན་ཚོགས་ལྷ་ཡི་ཁང་བཟང་ཉམས་དགའ་བ། །ཕུན་ཚོགས་ནགས་ཚལ་ཆུ་སྐྱེས་རབ་བཞད་པའི། །ཕུན་ཚོགས་ལྷ་ཡི་གདུང་