R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༩
[A:༦༤༩]སུ་གསོལ་བ་འདི་དང༌། ལོ་དུས་ཆོས་བྱང་ཚོགས་ཡོངས་ནས་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་མཆོད་དང་དུས་མཆོད་ཉིན་གྱི་དགེ་རྒྱུན་ཕུན་ཕོ་བླ་བྲང་ནས་ལོ་ལྟར་སྒྲུབ་མུས་འདིའོ། །དེ་རྣམས་ཀྱིས་ངག་དབང་དྲག་ཤུལ་ཡོན་ཏན་རྒྱ་མཚོའམ་འཛམ་གླིང་ཆེད་རྒུ་དབང་སྡུད་ཀྱི་རྣམ་ཐར་སྒྲོ་སྐུར་གྱིས་དབེན་པ་མདོ་ཙམ་བཤད་ཟིན་ཏོ། ། ༥ འཇམ་དཔལ་དངོས་གྲུབ་རྒྱ་མཚོ། རྒྱལ་ཡུམ་སྙིང་རི་བའི་གདུང་སྲས་ཆུང་བ་འཇམ་དཔལ་དངོས་གྲུབ་རྒྱ་མཚོ་སྟེ། དེ་ཡང་ཡབ་ཀུན་དགའ་བསོད་ནམས་དགུང་གྲངས་ཉེར་བཞིར་ཕེབས་པ་ཁྲོ་བོ་ཞེས་པ་ཤིང་གླང་ཟླ་བ་བཅུ་པའི་ཚེས་ཉི་ཤུར་བལྟམས་ཤིང༌། གཞོན་ནུ་ནས་ཡོན་ཏན་ཕྱི་མོ་བྲི་ཀློག་དང༌། རྩ་རྒྱུད་བརྟག་གཉིས་སོགས་རྒྱུགས་སྤྲོད་རྣམས་ཀྱང་རིམ་མཛད་ཀྱིས་གཅེན་པོ་དང་མཉམ་དུ་དབང་ཆོས་གསན་བཞེས་རྣམས་ཀྱང་རིམ་པར་མཛད། རྒྱུན་འདོན་ཕུར་སྒྲུབ་སོགས་ཚོགས་ཕེབས་དང༌། གསུང་བཤད་ལས་རིམ་རྣམས་ཀྱང་ཕལ་ཆེར་གཅེན་པོ་བཞིན་མཛད། ནག་ཆུར་ཕེབས་འགྲུལ་དུ་ཕེབས། མཇུག་གོས་དཀར་ལྕང་ལོ་འཛིན་པའི་སྐུར་བཞེངས་ཏེ་སྟོད་ཕྱོགས་ལ་ཐེངས་གཅིག་ཕེབས་པར་མངའ་རིས་ཁོ་ཆར་དུ་སྲི་གནོན་མཛད་དུས་གནོན་དོང་ཕྱེ་སྐབས་རལ་གྲི་བྲག་རྡོ་ལ་བརྡབ་པས་མེ་སྟག་འཕྲོ་བ་དང༌། རབ་གནས་སྐབས་མེ་ཏོག་གི་ཆར་བབས་པར་གླེང་བ་སོགས་གྲུབ་རྟགས་འགའ་ཞིག་ཀྱང་བསྟན། དེ་