[B:26b]གསུང་། དགུང་ལོ་སོ་བཞི་པ་ཤིང་ཕོ་སྤྲེའུ་ལ་རིན་ཆེན་སྒང་དུ་གཤེགས། སྤུར་བཞུ་བའི་དུ་གསེབ་ཏུ་འཇམ་དབྱངས་སྨྲ་སེང་གི་རྣམ་པར་ནམ་མཁའ་ལ་གཤེགས་པར་ལས་དག་པ་འགའ་ཞིག་གིས་མཐོང་ངོ་། །དེའི་གཅུང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ནི། ཡབ་ང་གཅིག་པ་ས་ཕོ་བྱི་བ་ལ་འཁྲུངས། རྣམ་ཐར་རྒྱས་པ་དུ་མ་ལས་འབྱུང་བ་ལྟར་གཅེན་དང་། དཔང་ལོ་ཆེན་པོ་དང་༑ རྒྱལ་སྲས་རིན་པོ་ཆེ་དང་། བྱང་སེམས་ཆེན་པོ་བསོད་གྲགས་པ་དང་། བླ་མ་དཔལ་ལྡན་སེང་གེ་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་དང་། ན་བཟའ་ཕྲག་ཕུག་པ་དང་སྲོན་པ་ཆོས་དཔལ་ལ་སོགས་པ་གྲུབ་ཐོབ་ཀུ་ས་ལའི་བླ་མ་མང་དུ་བསྟེན༑ ཤིན་ཏུ་མཁས་པར་སྦྱངས། དུས་ཕྱིས་ཀྱང་བུ་སྟོན་ཐམས་ཅད་མཁྱེན་པའི་དྲུང་དུ་མདོ་སྔགས་ཐམས་ཅད་སྐྱར་ནས་གསན་ཞིང་སྦྱངས་པས། རིག་གནས་ཕྱི་ནང་མདོ་རྒྱུད་མཐའ་དག་ལ་མ་གསན་པའམ། མི་མཁྱེན་པ་ཅུང་ཟད་ཀྱང་མེད་
[A:56]ཅིང་༑ དེ་ཡང་རེ་རེ་ལ་འདི་ཁོ་ན་མཁས་པར་འདུག་སྙམ་པ་ལྟ་བུའི་མཁྱེན་རབ་ཡོངས་སུ་རྫོགས། རིགས་རུས་འགྲན་ཟླ་དང་བྲལ། དཔལ་འབྱོར་ཆབ་སྲིད་ཀྱང་ས་སྐྱ་པ་མཉམས་པའི་དུས་ཀྱི་མངའ?མངས་ཐང་ཡོད་ཀྱང་། ཀུན་སྤངས་བྱ་བྲལ་གྱི་བསམ་སྦྱོར་དང་༑ བླ་མ་ཐམས་ཅད་ཀྱི་བྲན་དུ་གྱུར་པའི་ཐུགས་འདུན་དང་ང་རྒྱལ་བཅག་པའི་སྤྱོད་ལམ་གྱིས་བཀུར་བསྟི་མཛད་པར་མ་ཟད། འཁོར་འབངས་ཕལ་པ་དང་སྤྲང་པོ་ཡན་ཆད་ལ་བརྙས་བཅོས་ཀྱི་སྤྱོད་པ་ཅུང་ཟད་ཀྱང་མི་མཛད་པར་འོག་ནས་འགྲོ་བ་ཆུ་ལས་མེད་སྙམ་པའི་ཐུགས་འདུན་རྟག་ཏུ་མངའ། ཁྱད་པར་ཧོར་རྒྱལ་པོས་གདན་འདྲེན་དེས་དྲག་ལན་གསུམ་དུ་བྱུང་བ་ལ་ཐབས་སྣ་ཚོགས་ཀྱིས་འབྲོས་བཟུར་མཛད། དྭགས་སྐོང་སོགས་སུ་དབེན་པ་བསྟེན་པའི་ངང་