R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 33b
[B:33b] རྒྱ་ཡུལ་སོགས་ན་མཚན་གྲགས་ཆུང་བར་སོང་འདུག་པས༑ དཔོན་ས་གཡོག་ས་ཀུན་གྱིས་ཁུར་ཆེན་བཞེས་པའི་སྐབས་ལ་བབ་ཀྱི་མ་ཟད་མཆིས་པ་ཙམ་དུ་གདའ། གདུང་བརྒྱུད་རིན་པོ་ཆེ་དེ་དག་ལས། ཧོར་རྒྱལ་པོའི་ཏིཤྲི་བ་མཛད་པ་དྲུག རྒྱ་རྒྱལ་པོའི་ཏིཤྲི་མཛད་པ་གཅིག ཝང་གི་ལས་ཁ་ཧོར་གྱིས་གནང་བ་ལྔ༑ རྒྱས་གནང་བ་གསུམ་རྣམས་སྔར་སོང་། ད་རུང་དེ་ལྟ་བུའི་ཆེན་པོ་དང་མང་པོའི་འགྲོ་དོན་དང་བསྟན་པའི་བདག་རྐྱེན་མཛད་པ་རྒྱུན་མི་འཆད་པ་འབྱུང་བར་གྱུར་ཅིག
Ending ངོ་མཚར་སྣ་ཚོགས་བཀྲ་བའི་མཁའ་ངོས་ན།། ཟླ་སྐར་སྤྲིན་དང་ཀློག་གི་འདུ་འགོད་སོགས།། གཟུགས་ཀྱི་སྣང་བ་བགྲང་ལས་འདས་མོད་ཀྱི།། འཇམ་དབྱངས་མཁྱེན་བརྩེའི་ནོར་བུ་མཆོག་གིས་བསྒྲུབས།། ཐུབ་བསྟན་ནམ་མཁའི་ལམ་ལ་ཟླ་མེད་རྒྱུ།། ནག་ཕྱོགས་མུན་པའི་རྩ་ལག་མཐར་བྱེད་ཅིང་།། ཕན་བདེའི་པད་ཚལ་ཀུན་སྐྱོང་ཉི་མ་ནི།། ཀུན་གསལ་འཁོན་གྱི་གདུང་བརྒྱུད་ཁོ་ནར་ཟད།། དེ་དག་ཕན་བདེའི་ལོ་ཏོག་རྒྱས་ཕྱིར་དུ།། རྟག་ཏུ་འཁོར་བའི་འདྲེན་བྱེད་རྟ་བདུན་གྱི།། ནང་ན་མཆོག་གྱུར་ཡར་འབྲོག་དཔོན་ཆེན་ཡིན།། དེ་ཡི་བརྒྱུད་འཛིན་རིགས་གཟུགས་དཔལ་འབྱོར་ལྡན།། དད་གཏོང་རྣམ་[A:70]དཔྱོད་ནོར་གྱིས་མཛེས་པ་གང་།། ཆོས་རྒྱལ་མཚན་ཅན་དེ་ཡིས་ནན་ཏན་གྱིས།། ལེགས་པར་བསྐུལ་བའི་ལྷག་བསམ་ཉི་མ་ཡིས།། དྲི་མེད་མང་ཐོས་ཆུ་གཏེར་ཆེ་ལས་འོངས།། ལེགས་བཤད་འདབ་སྟོང་ཕྱོགས་ཀྱི་མཐའ་གྲུ་མཇལ།། ཡུལ་དུས་གྲངས་ལ་འཁྲུལ་མེད་གེ་སར་ཅན།། པྲཛྙཱ་རཏྣའི་རྣམ་དཔྱོད་པད་མོ་ལས།།