R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 157
[A:157]ཁམས་འཇའ་ཁ་དོག་ལྔའི་གུར་ཁྱིམ་ཁྱད་པར་དུ་འཕགས་པ་སྔར་སུས་ཀྱང་མཐོང་མ་མྱོང་བའི་བཀོད་པ་དང་། མེ་ཏོག་ཁ་དོག་སྣ་ལྔའི་ཆར་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་ཁ་བ་བབ་པ་ཙམ། གདན་ས་ཆེན་པོ་དང་། གཞན་ཡང་བླ་མ་དམ་པ་འདི་གར་བཞུགས་པའི་ས་ཆ་དང་།ཆོས་གསུང་པ་ཐམས་ཅད་དུའང་དུས་གཅིག་ཏུ་འབབ་པ་ལ་སོགས་པ་ཁྱད་དུ་འཕགས་པའི་ལྟས་དུ་མ་དང་བཅས་ནས་རིན་ཆེན་སྒང་གོང་མའི་གཟིམ་ཁང་དུ་བདེ་བར་གཤེགས་སོ། །བླ་མ་འདིའི་གཅུང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི་ཆུ་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞ་ལུ་ཁང་གསར་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་བདུན་པ་ལ་ཐར་པར་གཤེགས་ནས་འཛམ་བུའི་གླིང་འདིར་ཐུབ་པའི་བསྟན་པ་ཆེས་གསལ་བར་མཛད་པའི་ཚུལ་རྣམས་མདོ་ཁམས་ཀྱི་ཆར་སྐྱེས་པ་ཆོས་རྗེ་རིན་པོ་ཆེ་ཉིད་དང་། མཁན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྗེས་སུ་བཟུང་ནས། སྡེ་སྣོད་ཀྱི་དོན་རྟོགས་ཤིང་། ཁྱད་པར་དུ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ལ་བློ་གྲོས་ཡངས་པས། བྱམས་ཆོས་པ་ཞེས་ཡོངས་སུ་གྲགས་པས། དྲུང་ཉིད་དུ་ཞལ་ཏ་ཞུས་ཏེ། སྒྲོ་སྐུར་དང་བྲལ་བར་བྲིས་པའི་རྣམ་ཐར་ནས་སྟོན་ལ། དེ་ལྟ་བུའི་འཇིག་རྟེན་གསུམ་གྱི་འདྲེན་པ་དམ་པ་དེ་ཉིད་དགུང་ལོ་དྲུག་ཅུ་རྩ་བཞིའི་སྟེང་དུ་ཤིང་མོ་ཡོས་ཀྱི་ལོ་ཆུ་སྟོད་ཟླ་པའི་ཡར་ངོའི་ཚེས་བཅུ་ལ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཆོས་སྡེ་ཆེན་པོ། མཁན་པོ་བོ་དྷི་ས་ཏྭ་ལ་སོགས་ལོ་པཎ་མང་པོས་