R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 158
[A:158]བསྟེན་པའི་གནས་ཁྱད་པར་ཅན་དུ་བདེ་བར་གཤེགས་པ་ཡིན་ཏེ། བདེ་བར་གཤེགས་པའི་བསྟན་པ་ཡང་། དང་པོ་གང་ནས་དར་བའི་ས་ནས་ནུབ་པར་འགྱུར་ཅེས་ཟེར་བ་དང་མཐུན་པར་སྣང་ངོ་། །བླ་མའི་བླ་མ་དམ་པ་ཁྱོད་ཀྱིས་ཆོས་རྣམས་ཀུན་གྱི་བཅུད་ཕྱུང་ནས། །དུས་མང་དག་ཏུ་ལན་མང་སྟོན་པས་འགྲོ་བ་གཞན་ཚིམ་པ་ཡི་ཐུགས་རྗེ་ཅན། །མཁས་པའི་མཁས་པ་ཁྱོད་ཞབས་བསྟེན་པས་མཁས་གཞན་སྨིན་ནས་འགྲོ་བ་ཡི། །འདྲེན་པའི་འདྲེན་པ་མཆོག་གི་འབྱུང་གནས་གཅིག་པུ་དེ་ནི་གང་དུ་གཤེགས། །སྲིད་པའི་འཆིང་བ་ཀུན་ལས་གྲོལ་ཀྱང་སྲིད་པར་བདེ་ལེགས་འབྱུང་བའི་གཞི། །ཆོས་ཀུན་རང་བཞིན་གཅིག་པར་རྟོགས་ཀྱང་ཆོས་རྣམས་གདུལ་བྱའི་བློ་བཞིན་སྟོན། །དག་པའི་ཞིང་དུ་སྔོན་ནས་གཤེགས་ཀྱང་དག་མིན་འགྲོ་བ་འདྲེན་པ་དེ། །སྐྱེ་འཆིའི་ཡུལ་ལས་ཀུན་ནས་འདས་ཀྱང་སྐྱེ་རྒུའི་བློ་ངོར་མྱ་ངན་འདས། །སྟོན་པའི་བསྟན་པ་ངེས་པའི་དོན་དུ་ལྔ་སྟོང་གནས་ཞེས་གསུངས་པའང་རྫུན། །གནས་པར་ངེས་ན་གངས་ཅན་ལྗོངས་འདིར་ཁྱོད་དང་མཉམ་དུ་ནུབ་འདི་ཅི། །འཕོངས་པ་རྣམས་ཀྱི་མགོན་དུ་གྱུར་ཅེས་ཞལ་གྱིས་བཞེས་ཞེས་འཁུམས་པའང་རྫུན། །འཕོངས་པ་སྐྱོབ་ན་གངས་ཅན་འདི་ལས་དམན་པའི་གང་ཟག་སུ་ཞིག་མཆིས། །སྐལ་པ་མེད་ན་དེ་ཚེ་ཁྱོད་ཀྱིས་དེ་ཉིད་ལྷག་པར་ཅི་མི་སྐྱོབ། །སྐལ་ལྡན་འགྲོ་བ་བདེ་བར་གནས་ལ་ཁྱོད་ཀྱིས་ཐུགས་རྗེས་ཅི་ཞིག་འཚལ། །འགྲོ་བ་འདི་དག་འདྲེན་པ་ཁྱོད་གྱིས་སྤངས་མ་ཐག་ཏུ་སྔོན་མེད་པའི། །དུ་ཁ་རྒྱུ་འབྲས་མང་པོས་