R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 159
[A:159]དཀྲིགས་ནས་ཤིན་ཏུ་ཉམས་ཐག་གྱུར་པའི་ཚུལ། །དུས་ངན་སྐྱེ་བོའི་བློ་ཡུལ་དུའང་བྱར་མི་རུང་བ་གསར་བུ་ཡི། །ཆོས་ལུགས་མང་པོ་ས་འཛིན་ངོས་འདི་རབ་ཏུ་གཡོས་པའི་ཚུལ་མཐོང་ནས། །ཤེས་བྱའི་དཀྱིལ་འཁོར་ཆེན་པོ་སྐྱེངས་ནས་གནས་སྐབས་གཞན་དུ་བྲོས་པ་སྙམ། །ཅི་ཕྱིར་ཞེ་ན་ཤེས་བྱའི་གནས་ལུགས་ཕལ་ཆེར་ཞིག་པའི་ཚུལ་འདིས་སོ། །ཁྱོད་སྐུ་ལྟ་བའི་སྐལ་བ་མེད་ཀྱང་ཁྱོད་ཀྱི་ཕྲིན་ལས་རྣམ་མང་པོ། །བསྟན་པའི་རྩ་ལག་མཆོག་ཏུ་གྱུར་པའི་བསྟན་འཛིན་མཛད་པ་མཐའ་ལས་པས།།བདག་སོགས་འཁོར་བར་ལྷུང་བའི་རྒྱུ་རྐྱེན་བདག་འཛིན་རི་བོ་ཆེར་སྙིལ་འཚལ། །དམ་པ་ཁྱོད་ལས་མགོན་གཞན་མ་མཆིས་དམ་པ་ཁྱོད་ཀྱིས་ད་དུང་སྐྱོངས། །བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་རྣམས་ལ་སྲས་ཇི་ལྟར་འཁྲུངས་ཤེ་ན། གོང་དུ་སློབ་དཔོན་ཆེན་པོ་བསོད་ནམས་བཟང་པོ་དབང་ལ་སྲས་གཅིག་སྲས་མོ་བུད་དྷ་གན་ཞེས་བྱ་བ་ལ་ཤིང་ཕོ་བྱི་བ་ལོ་ལ་འཁྲུངས་པ་རབ་ཏུ་བྱུང་ནས། སློབ་དཔོན་ཆེན་པོ་རད་ཎ་ཞེས་གྲགས་ཤིང་། ཀོན་དྷིང་གུ་ཤྲཱིའི་མཚན་ཐོབ། དགུང་ལོ་ཉི་ཤུ་རྩ་ལྔ་ལ་ཕོ་བྲང་ཆེན་པོར་ཞི་བར་གཤེགས་སོ། །བླ་མ་ཆེན་པོ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བསྙེན་རྫོགས་མ་མཛད་གོང་དུ་སྲས་གཅིག་འཁྲུངས་པ་ལ། མ་གཅིག་བྱང་པ་མོ་ལ་སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་སྤྲེའུའི་ལོ་ལ་སྐུ་འཁྲུངས།ཆང་གུའི་གུང་གི་མཚན་ཐོབ། རྟིང་ལ་གོང་དུ་བྱོན། ཐུང་མིང་ཤི་སྐྱོའི་ཏ་དབེན་གུ་ཤྲཱིའི་མཚན་ཐོབ། བླ་ཆེན་པ་སྐུ་གཤེགས་པའི་རྗེས་