R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A):
[A:༢]གསུམ་བསིལ་ལྗོངས་བསོད་ནམས་ཀྱི་མགྲོན་དུ་བབས་པ་ལས་བར་བ་གཡུ་རིང་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ་འོད་གསལ་ལྷའི་རིགས་ཞེས་གྲགས་པ་དེས་སྲིན་པོ་སྐྱ་རེང་ཁྲག་མེད་བཏུལ་ཅིང་། དེའི་ཆུང་མ་གཡའ་འབྲུག་སི་ལི་མ་ཁབ་ཏུ་བཞེས་པའི་ལྷ་དང་སྲིན་པོ་འཁོན་པའི་བར་དེར་སྲས་གཅིག་འཁྲུངས་པ་ལ་འཁོན་བར་སྐྱེས་ཞེས་བཏག་ཤིང་དེའི་སྲས་འཁོན་དཔལ་པོ་ཆེས་ཆོས་རྒྱལ་ཁྲི་སྲོང་གི་ནང་བློན་མཛད། དེའི་སྲས་སློབ་དཔོན་ཆེན་པོ་པདྨ་ཀ་རའི་ཐུགས་སྲས་བོད་ཀྱི་རབ་བྱུང་ལ་སྔ་བ་སད་མི་བདུན་གྱི་དྲུག་པ་འཁོན་སྟོན་ཀླུ་དབང་སྐུ་མཆེད་ནས། ཤེས་རབ་ཚུལ་ཁྲིམས་དང་། འཁོན་དཀོན་མཆོག་རྒྱལ་པོའི་བར་གདུང་རབས་བཅུ་ལ་འཁོན་གདུང་དུ་གྲགས། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཞལ་ངོ་ནང་བརྒྱུད་ཀྱི་གསང་སྔགས་རྙིང་མའི་རིག་པ་འཛིན་པ་ཡི་དམ་ཡང་ཕུར་གྱི་སྒོ་ནས་གྲུབ་པ་བརྙེས་པ་ཤ་སྟག་བྱུང་། གཅུང་འཁོན་དཀོན་ཅོག་རྒྱལ་པོའི་ཐུགས་སྨོན་དང་། གསན་བསམ་འཕྲིན་ལས་ཀྱི་