[B:4b]བརྟན་པོ་ཐུགས་དམ་གྱི་ཉམས་རྟོགས་བཟང་པོ་སྐྱེས་པ་དང་། གཅོད་སྐོར་གསན་པས་སློངས་ཚད་དྲག་པོ་བྱུང་དུས་ཐུགས་དམ་ལ་རྩེ་གཅིག་ཏུ་བསྒྲིལ་བས་ཚར་ཚད་ཡང་དག་པ་བྱུང་། ཆོས་རྗེ་འཇག་པ་ལ་ཁྲིད་གསན་པས་མནལ་ལམ་འབྱོང་ཞིང་། དབང་ཐོབ་པ་བྱུང་པ་དང་། བླ་མ་སྤོ་ལྷ་བ་ལ་ཞི་བྱེད་གསན་དུས་ཐུགས་དམ་གྱི་རྟོགས་པ་འཁྲུངས་པ་དང་། བླ་མ་རིན་ཆེན་རྒྱལ་མཚན་པ་ལ་སྙན་རྒྱུད་གསན་དུས་རྩ་རླུང་གི་ཡོན་ཏན་ཐུགས་རྒྱུད་ལ་སྐྱེས་པ་དང་། འཇམ་དབྱངས་རིན་རྒྱལ་བ་ལ་ལམ་འབྲས། གསང་འདུས་ལ་སོགས་ཁྲིད་བཀའ་གསན་དུས་ཐུགས་དམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་དང་། བློ་སྦྱོང་གསན་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མངའ་བ་ལ་སོགས་པ་ནང་གི་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་འདྲ་ནའང་། བསྟེན་ཡུན་ཐུང་བས་ཇི་ལྟ་བ་བཞིན་ཞུ་བ་མ་སྤོབས། བདེ་མཆོག་གཤེད་དམར། འཁོར་ཆེན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཐུགས་དམ་གྱི་གཙོ་བོར་མཛད། བསྙེན་པ་དང་སྒྲུབ་པ་མཐར་ཕྱིན་པར་མཛད། གཞན་ཡང་ཐུགས་དམ་གྱི་ལྷ་རྣམས་ལ་བསྙེན་སྒྲུབ་བཞི་རྫོགས་རྒྱུན་དུ་མ་ཆག་པར་མཛད། མཧཱ་ཀཱ་ལ་ཕྱག་དྲུག་པ་ལ་ཐུགས་དམ་གྱི་མཐིལ་མཛད་པས་བཀའ་བཞིན་ཕྲིན་ལས་བསྒྲུབ། གནས་ཆེན་ཟབ་ཕུ་ལུང་དུ་བྱེ་མའི་དཀའ་ཐུབ་མཛད། གཉན་ཁྲོད་འགྲིམས་པས་ཐུགས་དམ་གྱི་བོགས་ཕུན་སུམ་[A:103]ཚོགས་པ་བརྟན་པ་ཐོབ་པ་བྱུང་