R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 26
[A:26]ལ་སོགས་པས་འཛིན་པ་ལྟར། བྱེ་བྲག་ངན་འགྲོ་དང༌། སྤྱིར་འཁོར་བ་ཙམ་དང༌། ཐེག་པ་དམན་པར་ལྟུང་བ་ལས་འཛིན་པ་གསུམ་ལས། དང་པོ་ནི་མི་དགེ་བ་བཅུ་སྤོང་ཞིང༌། དགེ་བ་བཅུ་ཉམས་སུ་ལེན་པ་སྟེ། རིན་ཕྲེང་ལས། འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་སོ། །གཉིས་པ་ནི་ཆོས་ཐམས་ཅད་བདག་མེད་པར་སྒོམ་པ་སྟེ། དེས་འཁོར་བའི་རྒྱུ་བདག་འཛིན་ཟློག་པའི་ཕྱིར་རོ། །རྣམ་འགྲེལ་ལས། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་སོ། །གསུམ་པ་ནི་ཐབས་ཤེས་རབ་ཟུང་འབྲེལ་དུ་སྒོམ་པ་སྟེ།སྡུད་པ་ལས། ཐབས་དང་ཤེས་རབ་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར།། ཞེས་པ་དང༌། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་སོ། ། གཉིས་པ་སྒྲ་འཇུག་པའི་ཡུལ་ནི་བཅུ་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། ༈ །མྱ་ངན་འདས་དང་ཡིད་ཀྱི་ཡུལ། ༈ །བསོད་ནམས༌༈ཚེ་དང༌༈གསུང་རབ་དང༌། ༈ །འབྱུང་འགྱུར༌༈ངེས་དང༌༈ཆོས་ལུགས་ལའོ། །ཞེས་སོ༑༑ ༈གསུམ་པ་ནི་སྒྲ་བཤད་པའི་ནང་ནས་ཐེག་པ་དམན་པར་ལྟུང་བ་ལས་འཛིན་པ་དང༌། ཡུལ་བཅུའི་ནང་ནས་ལམ་དང་མྱ་ངན་ལས་འདས་པ་དང་བསོད་ནམས་དང་གསུང་རབ་ཀྱི་ཆོས་ཏེ། དེ་དག་ལས་བསོད་ནམས་སུ་གྱུར་པ་ཙམ་ནི་ཕྱི་རོལ་པ་ལའང་ཡོད་པས་སྟོན་པའི་བསྟན་པ་ཐུན་མོང་མ་ཡིན་པ་ནི་ལྷག་མ་གསུམ་ཡིན་ནོ། །དེ་ཡང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པས་རྟོགས་པ་དང༌། ལུང་གི་ཆོས་སོ། །དང་པོ་ལམ་དང་འགོག་པས་བསྡུས་པ་འཕགས་པ་རྣམས་ཀྱི་རྒྱུད་ལ་མངའ་སྟེ། རྒྱུད་བླ་མ་ལས། གང་